
ཟླ9པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི2025ལོའི་རྒྱལ་ཡོངས་སྨན་རྫས་བདེ་འཇགས་ཀྱི་དྲིལ་སྒྲོག་གཟའ་འཁོར་ཞེས་པའི་བྱེད་སྒོ་དངོས་སུ་འགོ་བརྩམས་པ་དང་། དེའི་དམིགས་ཡུལ་ནི་སྤྱི་དམངས་ཀྱི་བདེ་འཇགས་སྨན་སྤྱོད་ཤེས་བྱ་དྲིལ་སྒྲོག་དང་ཁྱབ་གདལ་བཏང་སྟེ། སྤྱི་དམངས་ཀྱི་སྨན་རྫས་བདེ་འཇགས་ཀྱི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་བ་དང་། བདེ་འཇགས་སྨན་སྤྱོད་ཀྱི་སྤྱི་ཚོགས་མཉམ་བཅོས་ཀྱི་མཉམ་ཤུགས་གཅིག་སྡུད་བྱེད་ཆེད་ཡིན།
ད་ལོའི་དྲིལ་སྒྲོག་གཟའ་འཁོར་གྱིས་སྨན་རྫས་བདེ་འཇགས་དང་ལྟ་སྐུལ་དམངས་ཀྱི་ཆེད་དུ་ཞེས་པ་བརྗོད་གཞིར་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚན་རིག་ཁྱབ་གདལ་གྱི་རྒྱུ་ཆ་འགྲེམ་པ་དང་། དངོས་རྫས་འགྲེམ་སྟོན། མཉམ་འགུལ་སྒོས་དྲི་བར་ལན་འདེབས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། སྤྱི་དམངས་ཡོངས་ལ་སྨན་རྫས་དང་མཛེས་ཆས་བྱུགས་རྫས། སྨན་བཅོས་སྒྲིག་ཆས་བཅས་ཀྱི་འབྲེལ་ཡོད་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་ཞིང་། སྤྱི་ཚོགས་ལས་རིགས་སོ་སོ་སྨན་རྫས་བདེ་འཇགས་བྱ་བར་ཞུགས་པར་འབོད་སྐུལ་བཏང་ནས། སྤྱི་ཚོགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་། ཁེ་དབང་སྲུང་བའི་འདུ་ཤེས་ཇེ་མཐོར་བཏང་ལ། སྤྱི་དམངས་ཀྱི་ཚན་རིག་དང་བདེ་འཇགས། ལུགས་མཐུན་བཅས་ཀྱིས་སྨན་སྤྱོད་པར་སྐུལ་འདེད་བཏང་སྟེ། སྨན་རྫས་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྐྱོང་ཁོར་ཡུག་ལེགས་པོ་ཞིག་མཉམ་དུ་བསྐྲུན།
དྲིལ་སྒྲོག་གཟའ་འཁོར་སྐབས་སུ། རང་ཞིང་གིས་རྣམ་པ་སྣ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ། དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ལྡན་པའི་བྱ་འགུལ་རིགས་བཅུ་ལྷག་སྤེལ་བ་སྟེ། སྨན་རྫས་བདེ་འཇགས་ཀྱི་དྲིལ་སྒྲོག་གཟའ་འཁོར་གྱི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་དང་། སྨན་རྫས་བདེ་འཇགས་ཀྱི་དྲ་དངོས་ཤེས་བྱའི་འགྲན་སྡུར། སྤྱི་དམངས་ཀྱི་སྒོ་འབྱེད་ཉིན་མོའི་བྱ་འགུལ། བརྒྱད་ལྔའི་ཁྲིམས་ལུགས་དྲིལ་སྒྲོག་དང་། སྨྱན་བྱད་ཀྱི་ཆེད་དོན་དྲིལ་སྒྲོག སྨན་བཅོས་སྒྲིག་ཆས་ལ་ཞིབ་བཤེར་བྱེད་པའི་སྤྱི་དམངས་ཀྱི་སྒོ་འབྱེད་ཉིན་མོའི་བྱ་འགུལ་དང་། བསྐྱོད་པ་གསུམ་གྱི་དྲིལ་སྒྲོག་བྱ་འགུལ ཁྲིམས་སྐྱོང་རྟོག་ཞིབ་བྱ་འགུལ་སོགས་འདུས་ཡོད་ལ། ས་གནས་སོ་སོས་མཉམ་དུ་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། སྤྱི་ཚོགས་རྩ་འཛུགས་དང་སྨན་བཅོས་ལས་ཁུངས། ཚན་ཞིབ་ལས་ཁུངས། ཁེ་ལས་ཆེ་གྲས། གསར་འགྱུར་སྨྱན་བྱད་སོགས་ཧུར་ཐག་གིས་ཞུགས་པར་སྐུལ་སློང་དང་ཁྲིད་སྟོན་བྱེད་ཅིང་། སྤྱི་དམངས་ཡོངས་ལ་ཕྱོགས་ནས་སྨན་རྫས་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། སྤྱི་ཚོགས་ཡོངས་སུ་བདེ་ཐང་གི་འཚོ་བའི་འདུ་ཤེས་དང་འཚོ་བ་རོལ་སྟངས་དར་སྤེལ་བཏང་སྟེ། སྤྱི་དམངས་ཀྱི་སྨན་རྫས་བདེ་འཇགས་ཀྱི་ཚན་རིག་བྱང་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ་རེད། དེ་དང་མཉམ་དུ། ཁྲིམས་བསྟར་ཞིབ་བཤེར་དང་ཐེར་འདོན་བྱེད་ཚད་ཇེ་ཆེར་གཏོང་བ་དང་། སྨན་རྫས་ཀྱི་འགོ་ཁུངས་གཙང་སེལ་བྱེད་པའི་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ནས། སྨན་རྫས་འཁོར་རྒྱུག་ཁེ་ལས་དང་སིལ་འཚོང་སྨན་ཁང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ་དང་། ཁྲིམས་ལྟར་དཔེ་མཚོན་གྱོད་གཞི་ཐེར་འདོན་བྱས་ཏེ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། སྨན་རྫས་བདེ་འཇགས་ཀྱི་ཚད་མཐའ་བརྟན་པོར་སྲུང་ནས། མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ནུས་ལྡན་ཡོང་བར་ཁག་ཐེག་བྱེད་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།