
ཟླ8པའི་ཚེས29ཉིན། ན་གཞོན་པའི་ཚེ་སྲོག་ཚན་རིག་བགྲོ་གླེང་སྐབས་བདུན་པ་དང་མཐོ་སྒང་སྐྱེ་དངོས་རིག་པའི་ན་གཞོན་བགྲོ་གླེང་སྐབས་དྲུག་པ་ཟི་ལིང་གྲོང་ཁྱེར་དུ་བདེ་བླག་ངང་བསྡུས། ཐེངས་འདིའི་བགྲོ་གླེང་ནི་ན་གཞོན་པའི་ཚེ་སྲོག་ཚན་རིག་བགྲོ་གླེང་ལས་དོན་ཁང་གིས་གཙོ་སྒྲུབ་དང་། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གིས་འགན་སྒྲུབ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་རིག་གཞུང་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་སྐྱེ་དངོས་རིག་གཞུང་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་སྲོག་ཆགས་རིགས་གཞུང་ལྷན་ཚོགས་བཅས་ཀྱིས་རོགས་སྒྲུབ་བྱས། ཐེངས་འདིའི་བགྲོ་གླེང་ནི་མཐོ་སྒང་དུ་རྐང་བཙུགས་ཏེ་རྒྱལ་ཡོངས་ལ་ཁ་ཕྱོགས་ཡོད་པས། རྒྱལ་ནང་གི་ཚན་རིག་ཞིབ་འཇུག་ཁང་མང་བོ་དང་མཐོ་རིམ་སློབ་གྲྭ་རྩེ་གྲ་དག་གི་ཕུལ་བྱུང་ན་གཞོན་ཚན་རིག་པ་དང་། སློབ་གཉེར་བ་དང་ཞིབ་འཇུག་པ་བཅས་མི400ལྷག་གནས་གཅིག་ཏུ་འཛོམས་ཏེ། ཚེ་སྲོག་ཚན་རིག་ཁྱབ་ཁོངས་ཀྱི་ཐོལ་བརྒལ་གསར་བ་དང་མ་འོངས་པའི་འཕེལ་ཕྱོགས་སྐོར་ལ་བགྲོ་གླེང་བྱས།
བགྲོ་གླེང་ནས་ཚོགས་ཆེན་གྱི་ཆེད་ཞུའི་སྙན་ཞུ་དང་ཆེད་དོན་གདན་ཞུའི་སྙན་ཞུ། གསར་ཞུགས་སྙན་ཞུ་སོགས་ཀྱི་བྱ་རིམ་བཀོད་སྒྲིག་བྱས་ཡོད་ལ། དེའི་ཁྲོད་དུ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྐྱེ་ཁམས་ཁོར་ཡུག སྐྱེ་དངོས་ཐོན་ཁུངས་དང་ཚན་རིག་བེད་སྤྱོད། སྨན་གཞུང་དང་མདུན་གྲལ་སྡེབ་སྣོལ། སྐྱེ་དངོས་ལག་རྩལ་སྡེབ་སྣོལ་མཉམ་འདྲེས་ཀྱི་བརྗོད་གཞི་ཆེན་པོ་བཞིའི་ཆེད་དོན་བཅུ་བཞི་དང་། ཁྱོན་བསྡོམས་སྙན་ཞུ145འདུས། རྒྱལ་ཡོངས་ཀྱི་ཕྱོགས་སོ་སོ་ནས་ཐོན་པའི་ཚན་རིག་ཚེ་སྲོག་ཁྱབ་ཁོངས་ཀྱི་སྐད་གྲགས་ཅན་གྱི་ཆེད་མཁས་པ་དང་། ན་གཞོན་སློབ་གཉེར་བ་དང་ཞིབ་འཇུག་པས་ཞིབ་འཇུག་གི་གྲུབ་འབྲས་གསར་བ་མཉམ་སྤྱོད་བྱས་པར་མ་ཟད། ལྷན་ཚོགས་སོ་སོའི་འཐུས་ཚབ་པ་དང་མཉམ་དུ་གཏིང་ཟབ་པའི་བགྲོ་གླེང་དང་གྲོས་བསྡུར་བྱས་ཏེ། གོམ་གང་མདུན་སྤོས་སྒོས་མཐོང་རྒྱ་ཆེ་རུ་བཏང་བ་དང་སེམས་ཚོར་ཆེར་བསྐྱེད་བྱས། སྡེབ་སྣོལ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ཧུར་བརྩོན་ཡར་བསྐྱེད་ཀྱི་རིག་གཞུང་རྣམ་པ་བསྐྲུན་ཡོད། ཚེ་སྲོག་ཚན་རིག་ནི་ཚེ་སྲོག་གི་གསང་བ་འཚོལ་ཞིབ་བྱེད་པ་ཞིག་ཡིན་ལ། མིའི་རིགས་ཀྱི་བདེ་ཐང་བྱ་བཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོག་མའི་གཡུལ་ས་ཡང་ཡིན། ན་གཞོན་ནི་གཡུལ་སའི་ཁྲོད་ཀྱི་གསར་གཏོད་ནུས་པ་ལྡན་པའི་རྐང་འཛིན་སྟོབས་ཤུགས་ཡིན་ལ། ན་གཞོན་ཚན་རིག་ཞིབ་འཇུག་ཁང་གི་ལས་སྒྲུབ་པས་ཚེ་སྲོག་ཚན་རིག་ཁྱབ་ཁོངས་ཀྱི་གྲུབ་འབྲས་གསར་བ་འགྲེམ་སྟོན་གང་ལེགས་བྱེད་དགོས་པ་དང་། མཐོ་སྒང་སྐྱེ་དངོས་རིག་པའི་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་ཀྱི་ཚན་རིག་གནད་དོན་གཙོ་གནད་ཅན་ལ་གཏིང་ཟབ་པའི་ངང་གྲོས་བསྡུར་བྱས་ཏེ། ཧུར་ཐག་གིས་རིག་གཞུང་འབྲེལ་བ་འཛུགས་དགོས། ཐེངས་འདིའི་བགྲོ་གླེང་ནི་ཚེ་སྲོག་ཚན་རིག་ཁྱབ་ཁོངས་ཀྱི་ན་གཞོན་འཇོན་ཐང་ཅན་རྣམས་ལ་ཚད་མཐོའི་མགོ་རྩོམ་ས་ཞིག་འདོན་སྤྲོད་བྱེད་པ་དང་། ཁྱབ་ཁོངས་མང་བོའི་རིག་གཞུང་བགྲོ་གླེང་སྤྱི་སྟེགས་ཤིག་བསྐྲུན་ཆེད། ས་ཁོངས་ཀྱི་བཀག་རྒྱ་གཏོར་ཏེ་རིག་གཞུང་མི་འདྲ་བའི་བསམ་གཞིག་གདོང་གཏུག་བྱེད་པར་སྐུལ་འདེད་དང་། གསར་གཏོད་ཀྱི་གསོན་ཤུགས་ཆེར་བསྐྱེད་བཅས་བྱས་ཏེ། ཚེ་སྲོག་ཚན་རིག་ཞིབ་འཇུག་གི་མཆོང་བསྐྱོད་རྣམ་པའི་འཕེལ་རྒྱས་ལ་ལང་ཚོའི་སྒུལ་ཤུགས་སྣོན་པར་སྐུལ་འདེད་བྱས་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།