ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་འཐུས་མི་དང་དམར་པོའི་ཞིབ་འཇུག་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་རྟོག་ཞིབ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་དམངས་ཆེན་འཐུས་མི་དང་དམར་པོའི་ཞིབ་འཇུག་སློབ་སྦྱོང་སློབ་གསོའི་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་དམངས་ཆེན་འཐུས་མིའི་འབྲེལ་གཏུག་ཁང་དང་། མཁར་ནུབ་གཞིས་ཁུལ་གྱི་དམངས་ཆེན་འཐུས་མིའི་བྱ་འགུལ་ཁང་དུ་སོང་སྟེ། སྒྲོག་འགྲེལ་ལ་ཉན་པ་དང་། འཐུས་མིའི་འགན་སྒྲུབ་རྩིས་ཐོར་བསྐྱར་དུ་ལྟ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། འཐུས་མིས་འགན་སྒྲུབ་ལས་ཡུལ་གྱི་འཛུགས་སྐྲུན་དོ་དམ་བེད་སྤྱོད་དང་། མང་ཚོགས་ལ་འབྲེལ་གཏུག་བྱེད་པ། གྲོས་གཞི་སྒྲུབ་པ། འགན་སྒྲུབ་དཔྱད་བརྗོད། དམངས་ཚིས་དོན་དངོས་ཀྱི་འདེམ་ཤོག་ཐག་གཅོད་ལམ་ལུགས་སོགས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ནུབ་མཚོ་གྲོང་རྡལ་དམངས་ཆེན་གྱིས་སྒྲོག་པང་དང་འདེམ་དམངས་ཀྱི་དཔྱད་གླེང་ཐིན་སོགས་ཁྱད་ལྡན་ཟོང་རྟགས་བསྐྲུན་ནས། གཞིས་ཁུལ་དུ་རླངས་འཁོར་འཇོག་ས་མེད་པ་དང་། སྡེ་ལས་དོ་དམ་སོགས་ཕྱོགས་ཀྱི་གནད་དོན་ཐག་བཅད་ཅིང་། ས་གནས་ཀྱི་ཏང་སྲིད་ལས་བྱེད་པ་དང་དམངས་ཆེན་འཐུས་མི་དང་མཉམ་དུ་བཞུགས་མོལ་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དམངས་ཆེན་འཐུས་མིས་གསར་དུ་བཟོ་བཅོས་རྒྱབ་པའི་འཐུས་མིའི་བཅའ་ཁྲིམས་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ལག་ལེན་ཐད་ཤུགས་བསྣན་ཏེ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་སྲོག་ཤིང་བརྗོད་སྙིང་དམ་འཛིན་ནན་མོ་དང་། འཐུས་མིའི་བྱ་བ་རྒྱ་སྐྱེད་དང་གཏིང་ཟབ་ཏུ་སྤེལ་བ། གཞུང་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག་འཛུགས་སྐྲུན་ལས་རིམ་སྤུས་འདེགས་རིམ་སྤོར་ལ་གཅིག་འདོམས་བྱེད་པ། ཆ་འཕྲིན་ཅན་གྱི་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཀྱིས། དམངས་ཆེན་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ལ། འཐུས་མིས་བཅའ་ཁྲིམས་ལྟར་དང་གོ་རིམ་ཡོད་པ། ཚན་ལྡན་བཅས་ཀྱི་སྒོ་ནས་འགན་འཁྲི་སྒྲུབ་པར་འགན་སྲུང་དང་རྒྱབ་སྐྱོར་བྱས་ཏེ། སེམས་པ་གཅིག་ཏུ་སྒྲིལ་བའི་ཟམ་པ་ཡག་པོར་བསྐྲུན་ནས་དམངས་འདོད་སྒེའུ་ཁུང་འཛུགས་དགོས་ཟེར།

རྟོག་ཞིབ་ཚན་ཆུང་མཐོན་པོ་རི་དམར་པོའི་ཞིབ་འཇུག་སློབ་སྦྱོང་སློབ་གསོའི་རྟེག་གཞི་རུ་སོང་སྟེ། མཐོན་པོ་རི་རྒྱལ་སྲུང་སློབ་གསོ་དང་དམར་པོའི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བསྐྲུན་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། དམར་པོའི་གཏམ་རྒྱུད་བཤད་པ་བརྒྱུད་དམངས་ཆེན་ལས་བྱེད་པ་དང་དམངས་ཆེན་འཐུས་མིས་ཕུགས་འདུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བར་སྐུལ་མ་གཏོང་དགོས་ལ། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་མི་དམངས་བསམ་པའི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ།  ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲིའི་འདུ་ཤེས་དང་ནུས་པའི་ཆུ་ཚད་དོན་དངོས་སུ་ཤུགས་དྲག་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་དམངས་ཆེན་གྱི་བློ་གྲོས་དང་འཐུས་མིའི་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།