མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་མི་སྣས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ9པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་མི་སྣས། “ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་དང་བསམ་པ་གཅིག་མཐུན་མཉམ་སྐྲུན་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་ནས་སྤེལ།

བྱེད་སྒོ་དེ་ཧྲན་ཏུང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་མཚོ་སྔོན་རང་བྱུང་བཟོ་སྐྲུན་སློབ་གླིང་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་པའེ་ཝུན་ཅོན་གྱི་ཆེད་དོན་འཆད་ཁྲིད་ཁྲོད་དངོས་སུ་མགོ་བརྩམས་པ་དང་། པའེ་ཝུན་ཅོན་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ཏང་གིས་དགྲ་བོ་ཕམ་པར་བརྒྱབ་ནས་རྒྱལ་ཁ་ཐོབ་པ་དང་སྲིད་སྐྱོང་རྒྱལ་དར་ཁྲོད་ཐོན་པའི་ནུས་པ་དང་། དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་དམངས་གཉེར་ཁེ་ལས་པའི་དུས་རབས་ཀྱི་འགན་འཁྲི་ཁུར་སེམས། དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་ཐད་ནས་ཚོགས་ཞུགས་དམངས་གཉེར་དཔལ་འབྱོར་མི་སྣར་ཕུགས་བསམ་དང་དད་སེམས་ཀྱིས་ཀུན་ནས་ཕྱུག་པའི་སློབ་ཁྲིད་ཅིག་བྱས། བསམ་པ་གཅིག་མཐུན་དང་ཕུགས་འདུན་མཉམ་སྐྲུན་གྱི་ཐད་འགན་འཁྲི་མཉམ་ཁུར་དང་གོམ་པ་མཉམ་སྤོ”ཡི་མཉམ་སྤྱོད་སྤེལ་རེས་ལས་རིམ་དུ། དམངས་གཉེར་ཁེ་ལས་གཉིས་ཀྱི་འགན་འཁུར་བས་ཀུང་ཟིའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། དམངས་གཉེར་ཁེ་ལས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་པའི་ཉམས་མྱོང་གི་སྐོར་ནས་མཉམ་སྤྱོད་བརྗེ་རེས་བྱས་པ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ན་གཞོན་རིགས་པའི་གཞུང་ལུགས་ཚན་ཆུང་གིས“ཚིག་གསུམ་དང་ཕྱེད་ཀའི་རྣམ་པར”བརྟེན་ནས་དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་ཐབས་སྒྲོག་འགྲེལ་བྱས།

ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བཤད་རྒྱུར། ང་ཚོས་ད་ཐེངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། དམངས་གཉེར་དཔལ་འབྱོར་མི་སྣས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱ་ཆེད་དང་། དམངས་གཉེར་དཔལ་འབྱོར་མི་སྣའི་ཕུགས་བསམ་དང་དད་སེམས་ཆེ་རུ་གཏོང་བ། མི་སྒེར་གྱི་རིན་ཐང་དང་ཁེ་ལས་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་ལས་དབང་དང་མི་རིགས་བསྐྱར་དར་དང་འབྲེལ་བ་དམ་ཟབ་བྱས་ཏེ། ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་ཆེད་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།