མཚོ་ནུབ་ཁུལ་གྱི་ལོ་སྟོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་བླངས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

གསར་འགོད་པས་ཉེ་ལམ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྒྲུབ་པའི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོ་ནུབ་ཁུལ་གྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་བཟོ་ལས་བརྟན་པོ་དང་དངུལ་གཏོང་རྒྱ་སྐྱེད། ཚོང་འགུག་དམ་འཛིན། འཛད་སྤྱོད་སྐུལ་སྤེལ་བཅས་བྱས་ཏེ། ལོ་སྟོད་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད་ཕན་འབྲས་གསར་བ་བླངས། 2025ལོའི་ལོ་སྟོད་དུ། ཁུལ་ཡོངས་ཀྱིས་ས་གནས་ཀྱི་ཐོན་སྐྱེད་སྤྱི་འབོར་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་དྲུག་དུང་ཕྱུར་དགུ་དང་བྱེ་བ་དྲུག་ས་ཡ་བཞི་ཡོངས་འགྲུབ་བྱས་ལ། བརྒྱ་ཆའི་བདུན་དང་གྲངས་ཆུང་གསུམ་འཕར་ཡོད།

མཚོ་ནུབ་ཁུལ་གྱིས་སྲིད་ཇུས་དོན་འཁྱོལ་དང་དཔལ་འབྱོར་བཀོད་གཏོང་ལ་ནུས་མཐོ་སྒོས་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་སྒོས་མཐོར་གཏོང་དང་གྲངས་ཚད་ལུགས་མཐུན་སྒོས་འཕར་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་གསུམ་ལ་སླེབས་ཤིང་། བརྒྱ་ཆའི་བཞི་དང་གྲངས་ཆུང་བདུན་འཕར་ཡོད། བཟོ་ལས་ནུས་ལྡན་སྒོས་འཕར་བས། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་དགུ་བྱེ་བ་གསུམ་དང་ས་ཡ་བཞི་ལ་སླེབས་ཤིང་། བརྒྱ་ཆའི་དགུ་དང་གྲངས་ཆུང་གཉིས་འཕར་བ་དང་། བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་དགུ་འཕར་ཡོད། ཞབས་ཞུ་ལེགས་ཕྱོགས་སུ་འཕེལ་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བདུན་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་བདུན་ལ་སླེབས་ནས་བརྒྱ་ཆའི་ལྔ་འཕར་བ་དང་། ཁུལ་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་སྤྱི་འབོར་བརྒྱ་ཆའི་གཉིས་དང་གྲངས་ཆུང་དགུ་འཕར་ཡོད།

རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་ཐང་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་གི་བཅོས་སྐྱོང་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལས་འགན་སོ་སོ་དོན་འཁྱོལ་ནན་མོ་བྱས་པ་དང་། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཐེམ་ཆེན་དོ་དམ་ཡན་ལག་ཅུའུ་ཡི་སྒོ་བྱང་བཀལ་ནས་འཁོར་རྒྱུག་བྱས་པ་དང་། ཁི་ལོའུ་ཁི་མཚེའུ་ནས་ཐའོ་སུའུ་མཚེའུ་དང་། ན་གོར་མོའི་སྦྱར་ཤིང་ནགས་ཚལ་ཏེ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གཉིས་ལ་མཚོ་སྔོན་གྱི་ཆེས་མཛེས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཚན་སྙན་ཐོབ། མུ་ལི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ཕན་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། བྱང་གསུམ་བཟོ་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རིགས་མི་འདྲ་བའི་གནད་དོན་དག་ནུས་ལྡན་སྒོས་ལེགས་བཅོས་བྱས།

ན་གོར་མོའི་ཚྭ་མཚོའི་ལྗང་མདོག་ཐོན་ལས་གླིང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། ཐོན་རྫས་ཚད་ལེན་ལ་ཐོད་བརྒལ་གསར་བ་བྱུང་བ་དང་། ཁུལ་ཡོངས་ཀྱིས་ལོ་སྟོད་ལ་ཅཱ་ལུད་ཏུན་ས་ཡ་གསུམ་དང་འབུམ་གཉིས་ཁྲི་དྲུག་དང་སྟོང་དྲུག་ཐོན་སྐྱེད་བྱས་ཤིང་། བུལ་དྭངས་མའི་ཐོན་ཚད་བརྒྱ་ཆའི་ཉེར་ལྔ་དང་གྲངས་ཆུང་བཞི་འཕར་ཡོད། དག་གཙང་ནུས་ཁུངས་འཇུག་ཆས་ཀྱི་གཞི་ཁྱོན་སྟོང་ཝ་བྱེ་བ་གཉིས་དང་ས་ཡ་དྲུག་ལ་སླེབས་ནས། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་སོ་བརྒྱད་དང་གྲངས་ཆུང་བཞི་ཟིན་པ་དང་། ནུས་ཁུངས་གསར་བ་འཇུག་ཆས་ཀྱི་གཞི་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་ལྔ་བཅུ་དང་གྲངས་ཆུང་དྲུག་ཟིན་ལ། ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས། ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་འགྲུལ་བ་སྣེ་ལེན་དང་ཡུལ་སྐོར་སྤྱིའི་འགྲོ་སོང་སོ་སོར་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་གཅིག་དང་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་གཅིག་འཕར་ཡོད། ལྗང་མདོག་ཟས་རིགས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་དང་ཐོན་སྐྱེད་རྒྱུ་ཆའི་ཁེ་ལས་དྲུག་དང་ཐོན་རྫས་བརྒྱད་ཅུ་ཇེ་མང་དུ་སོང་ཞིང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ལྔར་ཞང་ཀང་གི་ཚད་གཞི་དང་ཚད་ལེན་ལྟེ་གནས་ཀྱི་ཁས་ལེན་ཐོབ་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཁས་ལེན་ཐོབ་པའི་གཞི་ཁྱོན་ཞིང་ཆེན་ཡོངས་ཀྱི་རྩེ་གྲལ་དུ་སླེབས་ཡོད།

དོན་དག་གཅིག་ཐེངས་གཅིག་ལ་བསྒྲུབ་པའི་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱས་ཏེ། ཁྲོམ་རའི་གཙོ་གཉེར་ཁྱིམ་ཚང་སྟོང་བཞི་དང་ལྔ་བརྒྱ་ཞེ་གསུམ་འཕར་བ་དང་། བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་དགུ་གཉིས་འཕར་ཡོད། ཚན་རྩལ་གསར་གཏོད་ཀྱིས་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགུལ་སྐྱོད་ལ་སྐུལ་འདེད་བཏང་ཞིང་། ཁུལ་རིམ་པའི་སྒོར་བྱེ་བ་གསུམ་ཅན་གྱི་ཚན་རྩལ་གསར་གཏོད་ཀྱི་ཆེད་དམིགས་མ་དངུལ་བཀོད་སྒྲིག་བྱས་ཏེ་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་སྤེལ་བྱས།  ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་གཙོ་བོ་ལག་བསྟར་བྱས་ནས། ཤུགས་ཆེན་པོས་ཚོང་འགུག་དམ་འཛིན་བྱས་པ་དང་། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་དྲུག་པའི་སྟེང་གི་མིང་བཀོད་ལས་གཞིའི་ཁ་གྲངས་དང་ཡོང་སྒོ་ཚང་མ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་ཚད་ཀྱིས་གཞི་གྲངས་ཅུང་མཐོ་ཤོས་ཀྱི་གྲངས་གནས་གཉིས་ཀྱི་འཕར་ཚད་སྲུང་འཛིན་བྱས་ཡོད།

བརྒྱ་ཆའི་བརྒྱད་ཅུའི་ཡན་གྱི་ནོར་སྲིད་འགྲོ་སོང་དམངས་ཚིས་ལས་དོན་ཐད་བཀོལ་བ་རྒྱུན་འཁྱོངས་དང་། དམངས་ཚིས་དངོས་དོན་ལས་གཞི་རིགས་ཆེན་པོ་བཅུའི་ལས་དོན་ཁག་བཅུ་དགུ་སྐུལ་སྤེལ་བྱས། དམངས་ཕན་འགུལ་སྐྱོད་ཁག་བདུན་ནུས་ཤུགས་ཡོད་རྒུས་དམ་འཛིན་ལེགས་པོ་བྱས་པ་དང་། ཁུལ་ཡོངས་ཀྱི་འགུལ་མེད་རྒྱུ་ནོར་ཐོ་འགོད་ཀྱི་དཔང་ཡིག་ལེན་དཀའ་བའི་སྡེ་ཁུལ་ང་གསུམ་ཁྲོད་སྡེ་ཁུལ་ཞེ་གསུམ་གྱིས་ཐོ་འགོད་བྱས་ནས་དཔང་ཡིག་བླངས། སྤུས་ཚད་མཐོ་བའི་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། གྲོང་རྡལ་གྱི་ལས་ཞུགས་མི་སྣ་སྟོང་བརྒྱད་དང་སོ་གཉིས་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་བརྒྱུད་སྤྲོད་ཀྱི་ལས་ཞུགས་མི་ཐེངས་ཁྲི་ལྔ་དང་སྟོང་བརྒྱད་དགུ་བརྒྱ་བཅུ་གཉིས་འཕར་ཞིང་། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་བརྒྱ་ཆའི་བཞི་དང་གྲངས་ཆུང་དགུ་འཕར་ཡོད།

ལྷ་མོ་འཚོས་བསྒྱུར།