2025ལོའི་མཚོ་ལྷོ་ཁུལ“དྭངས་གསལ་རྨ་ཆུའི་བུམ་པའི”མཐོ་སྒང་རི་བརྒལ་རྒྱུག་འགྲན་རྒྱུག་མགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

ཟླ9བའི་ཚེས7ཉིན།  2025ལོའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ“དྭངས་གསལ་རྨ་ཆུའི་བུམ་པའི”མཐོ་སྒང་རི་བརྒལ་རྒྱུག་འགྲན་རྒྱུག་མགོ་བརྩམས།  འགྲན་ཞུགས་པ་སུམ་སྟོང་ལྔ་བརྒྱ་ཡིས“རྨ་ཆུ་སྔོན་མོ་ཁྲི་ཀའི་ཡུལ་དུ་དྭངས”ཞེས་པ་ལྟར་མཛེས་པའི་རྨ་ཆུའི་འགྲམ་ནས་འགྲན་བསྡུར་བྱས་པ་དང་།  ལུས་རྩལ་གྱི་ཁྲོད་ནས་མཐོ་སྒང་གི་མཛེས་ལྗོངས་དང་མི་ཆོས་རིག་གནས་ལ་མྱོང་རོལ་བྱས།

ཐེངས་འདིའི་འགྲན་བསྡུར་ནི་མཚོ་སྔོན་ཞིང་ཆེན་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་མཐུན་ཚོགས་ཀྱིས་སྣེ་ཁྲིད་དང་།  མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ།  ཀྲུང་གུང་ཁྲི་ཀ་རྫོང་ཨུ་དང་།  ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་།  མཚོ་ལྷོ་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ཅུའུ་བཅས་ཀྱིས་མཉམ་འབྲེལ་གྱིས་འགན་སྒྲུབ་བྱས།  འགྲན་བསྡུར་ལས་ཁྲི་ཀའི་ཁྱད་ལྡན་གཞི་རྒྱུ་དང་རིག་གནས་ནང་དོན་གཏིང་ཟབ་ངང་མཉམ་འདྲེས་བྱས་ཡོད་པ་དང་།  གཞི་ཁྱོན་རང་བཞིན་གྱི་འགྲན་བསྡུར་འབྲེལ་ཐག་ཏུ་བྱས་ཏེ།  མང་ཚོགས་ཀྱི་ལུས་རྩལ་དང་ལུས་རྩལ་འགྲན་བསྡུར།  ལུས་རྩལ་ཐོན་ལས་བཅས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་།  ཞིང་ལས་དང་ལུས་རྩལ།  རིག་གནས་ཡུལ་སྐོར།  ཚོང་ལས་བཅས་ཀྱི་སྦྲེལ་ཐག་ཧྲིལ་བོའི་མཉམ་འདྲིས་ལ་རམ་འདེགས་བྱེད་པ།  ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་སྤེལ་བྱས་ཏེ།  ཕྱི་ཡུལ་ལ་ལོ་རྒྱུས་རིག་གནས་ཀྱིས་མིང་དུ་གྲགས་པའི་ཁྲི་ཀ་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ལུས་རྩལ་རིག་གནས་ཀྱི་མཛེས་པ་ངོམ།

འགྲན་བསྡུར་ལམ་ཐིག“རྨ་ཆུ་སྔོན་མོ་ཁྲི་ཀའི་ཡུལ་དུ་དྭངས”ཞེས་པའི་བརྗོད་གཞི་དང་དམ་དུ་འབྲེལ་ཡོད་ལ།  འགྲན་སྡུར་གྱི་མགོ་རྩོམ་ས་དང་མཇུག་བསྡུ་ས་གཉིས་ཁྲི་ཀའི་ཆུ་མཛོད་ཐང་ཆེན་དུ་བྱས་ཡོད།  འགྲན་ཞུགས་པ་རྣམས་དྭངས་ཤིང་གསལ་བའི་རྨ་ཆུའི་འགྲམ་དུ་རྒྱུག་བཞིན་ཡོད་ལ།   ཕྱོགས་བཞི་རི་ཆུས་སྐོར་ཞིང་སྟོན་ཀའི་མཛེས་ལྗོངས་ནི་རི་མོ་མཁན་གྱིས་པུར་གྱིས་བྲིས་པ་དང་འདྲ་བས།  རང་བྱུང་མཛེས་སྡུག་དང་མི་ཆོས་རིག་གནས་ཀྱིས་མིག་དབང་ཅིག་ཅར་འཕྲོག  འགྲན་བསྡུར་གྱི་ཆུ་ཚད་ལ་འགན་སྲུང་བྱེད་ཆེད།  རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་འགྲན་ལམ་ལེགས་སྒྱུར་བྱས་ནས།  ལམ་ཐིག་ཚད་ལྡན་དང་འོས་འཚམ་ཡོང་བར་ཁག་ཐེག་བྱས་ཏེ།  ཁྲི་ཀའི་ཆེས་མཛེས་པའི་ཡལ་ལྗོངས་དང་ཆེས་ཕུན་སུམ་ཚོགས་པའི་རིག་གནས།  ཆེས་ཚགས་དམ་པའི་ཞབས་ཞུ་བཅས་འགྲན་ཞུགས་པ་རྣམས་ཀྱི་སྤྱན་སྔར་ཕུལ།

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་འགྲན་སྡུར་དེ་ཆེད་ལས་ཚོ་ཆུང་དང་དགའ་མོས་ཚོ་ཆུང་གཉིས་སུ་བགོས་ཡོད་ལ།  དེའི་ཁྲོད་དུ་འགྲན་ཞུགས་པ་ཆིག་སྟོང་ལྔ་བརྒྱ་སྤྱི་ལེ22ཅན་གྱི་ཆེད་ལས་ཚོ་ཆུང་དུ་ཞུགས་པ་དང་།  འགྲན་ཞུགས་པ་ཉིས་སྟོང་ལྷག་སྤྱི་ལེ4.2ཅན་གྱི་དགའ་མོས་ཚོ་ཆུང་དུ་ཞུགས་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།