མགོ་ལོག་གི་ཐོན་རྫས་རིགས150ལྷག་ཧྲང་ཧེ་འགྲེམ་ཚོང་ཚོགས་འདུར་ཞུགས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཟླ9བའི་ཚེས5ཉིན།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྫོང6དང་ཁེ་ལས་པ24རྩ་འཛུགས་བྱས་ཏེ།  རིགས་ཆེ་བ5ཡི་ཁྱད་ལྡན་ཐོན་རྫས150ལྷག་ཧྲང་ཧེ་གྲོང་ཁྱེར་ཁ་གཏད་ས་ཁུལ་གྱི་ཁྱད་ལྡན་ཚོང་ཟོག་འགྲེམ་ཚོང་ཚོགས་འདུ་སྐབས་བརྒྱད་པར་ཞུགས།

ཐེངས་འདིའི་འགྲེམ་ཚོང་ཚོགས་འདུར“རི་དང་རྒྱ་མཚོ་བརྒལ་ནས།།  འཛད་སྤྱོད་ཀྱི་དཔལ་ལ་རོལ།།”ཅེས་པ་བརྗོད་གཞིར་བྱས་ཏེ།  མགོ་ལོག་ཁུལ་གྱི་འགྲེམ་སྟོན་ལ་ཞུགས་པའི་ཁྱད་ལྡན་ཐོན་རྫས་སུ་ཤ་ཡི་རིགས་དང་།  འོ་སྤྲིའི་རིགས།  ལག་ཤེས་ཐོན་རྫས།  ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྫས།  རིག་གནས་གསར་གཏོད་ཀྱི་ཐོན་རྫས་སོགས་འདུས་ཡོད་པས།  མགོ་ལོག་གི་ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་དང་ཐོན་ལས་ཀྱི་ཁྱད་ཆོས་འགྲེམ་སྟོན་གང་ལེགས་བྱས།  ཁེ་ལས5ཡི་ཐོན་རྫས་གསར་བ་འགའི་ཕྱིར་ཚོང་སྒོར་གྲངས་འབུམ་གཅིག་དང་ཁྲི་གསུམ་ལ་སླེབས།

མགོ་ལོག་གི་འགྲེམ་སྟོན་ལ་ཞུགས་པའི་ཐོན་རྫས་ལས་ཆེས་མིག་དབང་འཕྲོག་པ་ནི་ནོར་གནག་གི་ཤ་དང་།  ནས་དང་སྲན་ཞིབ་ཀྱི་འབྲས་ཐུམ་སོགས་ཡིན་ལ། ཁྱད་ལྡན་འབྲས་ཐུམ་དེ་མཚོ་སྔོན་རོགས་སྐྱོར་ལས་བྱེད་པར་འབྲེལ་བ་དམ་ཟབ་ཡོད།  ཧྲང་ཧེ་གྲོང་ཁྱེར་མཚོ་སྔོན་རོགས་སྐྱོར་འབྲེལ་གཏུག་ཚོ་ཆུང་སྐོར་ཐེངས་དྲུག་པ་ད་ལོའི་ཟླ7པའི་ཟླ་སྨད་དུ་མགོ་ལོག་ཏུ་འབྱོར་བ་ནས་བཟུང་།  ཧུར་ཐག་གིས་ས་གནས་ཀྱི་ནོར་གནག་དང་ནས་སོགས་ཁྱད་ལྡན་ཐོན་རྫས་ལ་བེད་སྤྱོད་བྱ་ཡུལ་གསར་བ་བཙལ་ནས།  ཟུར་སྣོན་རིན་ཐང་ཆེ་རུ་བཏང་།  སྟབས་འགྲིག་པ་ཞིག་ལ། ཝུའུ་ཧྥང་ཀྲའེ་ཡིས་ཀྱང་ཉེ་བའི་ལོ་འདི་འགར་ཧུར་ཐག་གིས་གསར་གཏོད་དང་།  བཟའ་བཏུང་གི་རྒྱུ་ཆ་གསར་འཚོལ་ཞིབ་བྱེད་བཞིན་ཡོད་པས།  ཕྱོགས་གཉིས་མ་གྲོས་རང་མཐུན་དུ་གྱུར།  ཟླ་གཅིག་མ་འགོར་བར།  འབྲེལ་ཡོད་ལས་ཁུངས་ཀྱིས་བྲོ་བ་མི་འདྲ་བའི་འབྲས་ཐུམ་རིགས་གསུམ་གསར་གཏོད་བྱས།  མགོ་ལོག་ཁུལ་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བསྟན་དོན།  ཐེངས་འདིར་ཁོ་ཚོས་བྲོ་བ་མི་འདྲ་བའི་ཁྱད་ལྡན་འབྲས་ཐུམ་རིགས་གསུམ་ཁྱེར་ཏེ་འགྲེམ་ཚོང་ལ་ཞུགས་ཡོད་པ་དང་།  དེ་ནི་ཧྲང་ཧེ་གྲོང་ཁྱེར་གྱི་སྡོད་མིའི་ཡུལ་དངོས་བསམ་འཆར་བསྡུ་ལེན་བྱེད་ཆེད་ཡིན་ལ།  བྲོ་བ་ཁྱད་པར་ཅན་གྱི་འབྲས་ཐུམ་དེ་གསུམ་ལ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པས།  ལས་སྣོན་ཁེ་ལས་ཀྱིས་ཐོན་རྫས་དངོས་སུ་ཁྲོམ་རར་གཏོང་བར་གདེང་ཚོད་ཆེན་པོ་ཡོད་པར་བྱས།  གལ་ཏེ་མ་བཅོས་རྒྱུ་ཆ་བརྟན་བརླིང་ངང་མཁོ་འདོན་བྱེད་ཐུབ་ཚེ།  འབྲས་ཐུམ་རིགས་དེ་གསུམ་རྒྱལ་སྟོན་དུས་ཆེན་སྔོན་དུ་ཁྲོམ་འགྲེམས་བྱེད་རྒྱུ་ཡིན་ཟེར།

ཐེངས་འདིའི་འགྲེམ་ཚོང་སྟེང་དུ།  འགྲེམ་ཚོང་ལ་ཞུགས་པའི་ཁེ་ལས་སོ་སོས་ཧུར་ཐག་གིས་ཉོ་སྒྲུབ་ཚོང་པར་འབྲེལ་འདྲིས་དང་གྲོས་མོལ་བྱས་ཏེ།  ཁེ་ལས་མང་བོ་ཞིག་གིས་ཧྲང་ཧེ་ས་གནས་ཀྱི་བརྒྱུད་འཚོང་ཁང་དང་སིལ་འཚོང་ཁང་བར་ཐོག་མའི་མཉམ་ལས་འབྲེལ་བ་བཙུགས་པ་དང་།  མགོ་ལོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཡུན་རིང་བརྟན་བརླིང་ངང་ཧྲང་ཧེ་གྲོང་ཁྱེར་གྱི་ཁྲོམ་རར་འཇུག་པར་རྨང་གཞི་བརྟན་པོ་བཏང་།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།