མཚོ་སྔོན་གྱི་ཐོན་ལས་གཙོ་བོའི་འོས་སྦྱོར་ཚོགས་འདུ་ཞ་མིན་དུ་བདེ་ལེགས་ངང་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པའི་སྟེང་རྒྱལ་སྤྱིའི་ཉོ་ཚོང་དངུལ་གཏོང་གི་བརྗེ་རེས་མཉམ་ལས་བྱེད་ནུས་ལ་སྐུལ་འདེད་གཏོང་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གྲུབ་འབྲས་དང་། ཐོན་ཁུངས་ཀྱི་དགེ་མཚན་དང་ཐོན་ལས་ཀྱི་ཁྱད་ཆོས་འགྲེམ་སྟོན་བྱེད་པ། ཐོན་ལས་ཀྱི་གནས་བཞི་དང་ལྗང་མདོག་རྩིས་ནུས་ཐོན་ལས་བསྐྲུན་པར་སྐུལ་འདེད་གཏོང་བ། ཕྱིའི་ཐོན་ལས་དང་མཁོ་འདོན་ཕྲེང་འབྲེལ་བར་སྦྲེལ་མཐུད་དང་འཕེལ་རྒྱས་ཀྱི་གོ་སྐབས་རྒྱ་བསྐྱེད་ཆེད། ཟླ9པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཞ་མིན་གྲོང་ཁྱེར་དུ་མཚོ་སྔོན་གྱི་ཐོན་ལས་གཙོ་བོའི་འོས་སྦྱོར་ཚོགས་འདུ་བདེ་ལེགས་ངང་བསྡུས།

འོས་སྦྱོར་ཚོགས་འདུའི་སྟེང་། ཞིང་ཆེན་ཚོང་དོན་ཐིན་གྱིས་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས་སོགས་ཁྱབ་ཁོངས་བདུན་གྱི་ཐོན་ལས་དགེ་མཚན་དང་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་དང་འོས་སྦྱོར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཀྱིས་མཚོ་སྔོན་དུ་དངུལ་གཏོང་ལས་སྤེལ་བྱེད་པར་ལྷག་བསམ་རྣམ་དག་གི་གདན་ཞུ་བྱས། ཟི་ལིང་དཔལ་འབྱོར་གསར་སྤེལ་ཁུལ་དང་། ཁུ་ནུ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སོ་སོར་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་། ཚྭ་མཚོའི་ཞིབ་ཚགས་བཟོ་ལས། གླིང་ཁུལ་གྱི་འཕེལ་རྒྱས་གནས་བབ། ཐོན་ལས་མཉམ་ལས་ཀྱི་མདུན་ལྗོངས། དགེ་མཚན་ལྡན་པའི་ཐོན་ལས། ཚོང་འགུག་ལས་གཞི་གཙོ་བོ། སྤྱི་ཕན་སྲིད་ཇུས་སོགས་ལ་དམིགས་ཏེ་དྲིལ་སྒྲོག་འོས་སྦྱོར་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ཤར་གྲོང་ཁྱེར་གྱིས་སོ་སོར་འཁྱག་ཆུའི་ཉ་ལས་དང་། འཁྱག་གྲང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཐད་ནས་དྲིལ་སྒྲོག་མཚམས་སྦྱོར་བྱས་ཏེ། ཚོང་འགུག་དང་གྲོས་མོལ་བྱས། ཚོགས་ཐོག་ཏུ་མཐོ་སྒང་གི་སྤུས་ལེགས་ཐོན་རྫས་དང་། ཕྱི་ཕྱོགས་སྤུས་ལེགས་ཐོན་རྫས། སྤུས་ལེགས་ས་གདན། མཚོ་སྔོན་གྱི་ཟས་སྟོན། ཚོང་འགུག་ལག་དེབ་སོགས་ཚོང་འགུག་དྲིལ་སྒྲོག་ལག་དེབ་པར་འགྲེམས་བྱས་ཏེ། མཚོ་སྔོན་གྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་དང་ཁྱད་ལྡན་ཐོན་ལས་ཕྱོགས་ཀྱི་བར་སྟོང་ཆེན་པོ་དང་དངུལ་གཏོང་རིན་ཐང་ཕྱིར་མངོན་པར་བྱས་ནས། མཚོ་སྔོན་གྱི་མཚོ་འགག་འགྲམ་གཉིས་ཀྱི་མིང་གྲགས་ཚད་སྔར་ལས་ཇེ་མཐོར་བཏང་ནས།  མཉམ་ལས་སྦས་ཤུགས་མུ་མཐུད་སྔོག་འདོན་དང་། མཉམ་ལས་བར་སྟོང་རྒྱ་བསྐྱེད་པ། མཚོ་སྔོན་གྱིས་དཔལ་འབྱོར་འཕེལ་རྒྱས་ས་ཁུལ་དུ་ཁྱབ་ཁོངས་སྔར་ལས་ཆེ་ཞིང་རིམ་པ་སྔར་ལས་ཟབ་པའི་དངོས་གཉེར་མཉམ་ལས་སྤེལ་ཆེད་རྨང་གཞི་ལེགས་པོ་ཞིག་བཏིངས།

འོས་སྦྱོར་ཚོགས་ཐོག་ཏུ་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། ནུས་ཁུངས་གསར་པའི་རྒྱུ་ཆ་གསར་པ། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་རིམ་བསྟར་འགྲེམ་ཁུལ་དང་། གྲོས་མོལ་བརྗེ་རེས་ཁུལ་བཀོད་སྒྲིག་བྱས་ཡོད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་གིས་རང་སོ་སོའི་འགན་ནུས་དགེ་མཚན་དང་རྒྱུ་ལམ་ཐོན་ཁུངས་འདོན་སྤེལ་བྱས་ཏེ། རྩ་འཛུགས་ཡོད་པའི་སྒོ་ནས་ཏུའུ་པང་དང་། དབྱིན་ཇིའི་པའོ་ཁྲིན་སྡེ་ཚོགས། ཨེ་ལིས་ལིས་ཞི་བདེ་རྒྱ་མཚོ། གླིང་སྤྱིའི་མགྲོན་ཁང་། ཐི་སི་ལ། ཧྥུའུ་ཐི་སོགས་རྒྱལ་ཁོངས་བརྒལ་བའི་ཁེ་ལས། ཐེ་ཝན་གྱི་ཚོང་བ་དང་ཁེ་ལས་སོགས་གདན་ཞུ་བྱས་ཡོད་ལ། ཝེ་ཞང་ཚན་རྩལ། ཀའོ་ཏ་རྫས་འགྱུར་བཟོ་ལས་སོགས་རྒྱལ་ནང་ལས་རིགས་ཀྱི་དབུ་ཁྲིད་ཁེ་ལས་དང་ཞ་ཧྲང་དམངས་དར། ཞ་ཝུའུ་ནུས་ཁུངས་གསར་པ། ལུང་ཅི་སིན་ཐི་སོགས་ཞ་མིན་གྲོང་ཁྱེར་གྱི་ཁེ་ལས་གཙོ་བོ་སོགས་ཁེ་ལས་ཀྱི་འཐུས་མི་བརྒྱ་ལྷག་ཚོགས་འདུར་ཞུགས་ཡོད། རྒྱལ་ཁོངས་བརྒལ་བའི་ཁེ་ལས་དང་། ལས་རིགས་དབུ་ཁྲིད་ཁེ་ལས། ཆེད་ལས་སྤུས་ལེགས་ཁེ་ལས། ཚོང་མཐུན་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན། ཧྥུའུ་ཅན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་སོགས་ཀྱི་སྐུ་མགྲོན་དང་ཚོང་མགྲོན་བརྒྱ་དང་ཉི་ཤུ་ལྷག་ཚོགས་ཐོག་ཏུ་ཞུགས་ཡོད། ཚོགས་ཞུགས་ཁེ་ལས་ཀྱིས་བརྗེ་རེས་ཁ་བརྡ་བྱས་ཤིང་། མཚོ་སྔོན་གྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ཏེ། ལས་གཞིའི་མཉམ་ལས་ཁྱབ་ཁོངས་གཏིང་ཟབ་དང་རྒྱ་བསྐྱེད་འདོད་ཡོད་པའི་ཚུལ་བསྟན། དེའི་རྗེས། ཞིང་ཆེན་ཚོང་དོན་ཐིན་གྱིས་གཅིག་འདོམས་རྩ་འཛུགས་སྒོས་ཚོང་ལས་དངུལ་གཏོང་གི་གྲོས་མོལ་རབ་དང་རིམ་པའི་བྱེད་སྒོའི་ཁྲོད་ཞུགས་ཏེ། མཚོ་སྔོན་གྱི་སྒོ་འབྱེད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དྲིལ་སྒྲོག་འོས་སྦྱོར་དང་། ཁེ་ལས་བར་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲོས་མོལ་སྤེལ་བར་སྐུལ་འདེད་དང་མཛུབ་སྟོན་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།