མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་སྲིད་ཇུས་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ་མགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བརྟན་པོ་བཞིའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་ལས་ཞུགས་ཀྱི་དུས་སྐབས་གཙོ་བོར་སྐུལ་འདེད་གཏོང་ཆེད། ཟླ9པའི་ཚེས9ཉིན། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་སྲིད་ཇུས་དྲིལ་སྒྲོག་ཟླ་བའི་མགོ་རྩོམ་མཛད་སྒོ་ཟི་ལིང་དུ་བསྡུས།

བྱ་འགུལ་སྐབས། ཧྲིན་ཀྲིན་གྲོང་ཁྱེར་འོད་གསལ་ལག་རྩལ་ཚད་ཡོད་ཀུང་ཟིའི་འབྲེལ་ཡོད་འགན་འཁུར་མི་སྣས་ཁེ་ལས་ཀྱིས་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་ལས་སྒྲུབ་མི་སྣས་ཐད་གཏོང་གི་རྣམ་པས་མང་ཚོགས་ལ་ལས་ཞུགས་སྐུལ་འདེད་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས། ལས་རིགས་ལག་རྩལ་གསོ་སྦྱོང་། ལས་ཤོར་འགན་སྲུང་གི་ལས་གནས་བརྟན་འཇགས་དང་རྒྱ་སྐྱེད་གཏོང་བ་སོགས་སྲིད་ཇུས་ཀྱི་ནང་དོན་འགྲེལ་བཤད་བྱས། ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པ་མང་པོ་བརྒྱུད་དེ། ད་ལོའི་ཚུན་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་ལས་ཞུགས་བརྟན་པོའི་འཕར་ཚད་སྲིད་ཇུས་སྣ་ཚོགས་འགྲེལ་བཤད་དང་དྲིལ་སྒྲོག་བྱེད་པ་དང་། སྲིད་ཇུས་ཀྱི་ཤེས་རྟོགས་ཀྱི་ཚད་དང་ཁེབས་ཚད་ཇེ་ཆེར་བཏང་ནས། ལས་ཞུགས་བརྟན་པོ་དང་ལས་ཞུགས་སྐུལ་སྤེལ་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་ལེགས་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བར་རོགས་ཤུགས་འདོན་རྒྱུ་དེ་ཡིན།

ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ལས་ཞུགས་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། ལས་ཞུགས་བརྟན་པོ་དང་ལས་ཞུགས་འགན་སྲུང་། ལས་ཞུགས་སྐུལ་སྤེལ་བཅས་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་པར་མ་ཟད། ཕྱོགས་མང་ཞིང་རོགས་སྐྱོར་ཁྱད་ཆོས་ལྡན་པའི་སྲིད་ཇུས་ཞབས་ཞུའི་བྱེད་ཐབས་གྲུབ་ཡོད། ཞབས་ཞུའི་བྱེད་ཐབས་དེ་སྤྱི་ཚོགས་འགན་བཅོལ་ཁ་གསབ་ཁྱབ་ཁོངས་རྒྱ་སྐྱེད་པ་དང་། གཞི་ཁྱོན་ཆེན་པོས་ལས་རིགས་ལག་རྩལ་གསོ་སྦྱོང་སྤེལ་བ། ཁེ་ལས་ཀྱི་ལས་གནས་བརྟན་པོ་དང་ལས་གནས་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་པ། སྤྱི་བའི་ལས་ཞུགས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་ཕྱོགས་ལ་ཁེབས་ཡོད། སྲིད་ཇུས་འདི་དག་གི་ཁྱད་ཆོས་གཙོ་བོ་ནི་ཞིང་ཆེན་གྱི་གནས་ཚུལ་དང་དངོས་ཡོད་ལ་གཅིག་འདོམས་སྒོས་བསམ་བློ་བཏང་བའི་རྨང་གཞིའི་སྟེང་། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་བཏོན་པའི་ལས་ཞུགས་བརྟན་པོའི་སྲིད་ཇུས་སྐོར་ཞིག་རྒྱུན་མཐུད་དང་རྒྱུན་བསྲིངས་བྱས་པ་རེད།

ལྷ་མོ་འཚོས་བསྒྱུར།