ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ན་གཞོན་མཉམ་འབྲེལ་སྤྲོ་ཚོགས་ཆེན་མོ་སྐབས་དགུ་པའི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་འཚམས་འདྲི་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཟླ9པའི་ཚེས10ཉིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ན་གཞོན་མཉམ་འབྲེལ་སྤྲོ་ཚོགས་ཆེན་མོ་སྐབས་དགུ་པའི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་འབྱོར་ནས། དུས་ཡུན་ཉིན་བཞིའི་རིང་གི་རི་ཆུ་མང་པོ་བརྒལ་ནས་ལང་ཚོའི་སྟོབས་ཤུགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་བརྩེ་བརྒྱུད་སྤྲོད་བྱེད་ཅེས་པ་བརྗོད་གཞིར་བྱས་པའི་འཚམས་འདྲིའི་བྱ་འགུལ་སྤེལ་བ་དང་། ཀྲུང་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་གླིང་ཕྱོགས་ཀྱི་ཁོངས་མིའི་ན་གཞོན་དང་གླིང་ཆེན་གཞན་པའི་ཨ་ཧྥེ་རི་ཁའི་རྒྱུད་ཀྱི་ན་གཞོན་འཐུས་མི་ང་དགུ་ཟབ་ཞུགས་བྱས།

མཚོ་སྔོན་འདི་ཉིད་ཀྲུང་གོའི་ནུབ་རྒྱུད་དུ་ཆགས་ཡོད་ནའང་། ཨ་ཧྥེ་རི་ཁ་གླིང་དང་དུས་ཡུན་རིང་པོའི་འགྲོ་འོང་གི་འབྲེལ་བ་ཡོད། 1991ལོར། མཚོ་སྔོན་ཞིང་ཆེན་དང་པུའུ་ལུང་ཏིས་ཅིས་ཐི་ཅཱ་ཞིང་ཆེན་བར་མཛའ་བརྩེའི་འབྲེལ་བ་བཙུགས་ཤིང་། འདི་ནི་མཚོ་སྔོན་དང་ཕྱི་རྒྱལ་གྱི་ས་གནས་སྲིད་གཞུང་བར་འབྲེལ་བ་བཙུགས་པའི་རྒྱལ་སྤྱིའི་མཛའ་མཐུན་འབྲེལ་བ་ཐོག་མ་ཡིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བ་དེ་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་རིམ་དུ་གནས་ཡོད་པར་མ་ཟད། རྒྱལ་ཁབ་མང་པོའི་སྲིད་གཞུང་དང་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཀྱི་བར་འགྲིག་མཐུན་རེ་འདོད་ཡི་གེ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེད་ཐོ། མཐོ་རིམ་སློབ་གྲྭའི་མཉམ་ལས་བཟོད་སྒོམ་བརྗེད་ཐོ་བཅས་ལ་མིང་རྟགས་བཀོད་དེ། ཚྭ་མཚོའི་ཐོན་ཁུངས་དང་གཏེར་ཐོན་གསར་འབྱེད་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ཞིང་། རིག་གནས་ཡུལ་སྐོར་དང་མཐོ་རིམ་སློབ་གསོ་སོགས་ཕྱོགས་ཀྱི་བརྗེ་རེས་ཟབ་མོར་སྐུལ་འདེད་བཏང་།

ཐེངས་འདིའི་བྱ་འགུལ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་གི་ན་གཞོན་གྱི་བརྗེ་རེས་བྱ་འགུལ་གལ་ཆེན་ཞིག་ཡིན་ལ། ཕྱི་འབྲེལ་པུའུ་དང་ཀྲུང་གོའི་སུང་ཆིན་ལིན་ཐེབས་རྩ་ཚོགས་པ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་ཞིག་རེད། འཐུས་ཚབ་ཚོགས་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་ལྟ་སྐོར་བྱས་ཏེ། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་ཆོད་སེམས་བརྟན་པོ་ཚོར་ཐུབ་པར་བྱེད་རྒྱུ་དང་།  ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་ལ་ལྟ་སྐོར་བྱས་ནས། ལོ་ངོ་སྟོང་ཕྲག་ལྷག་གི་མཚོ་བོད་མཐོ་སྒང་གི་ས་གཤིས་འགྱུར་ལྡོག་གི་ལོ་འཁོར་ལ་རྒྱུས་ལོན་བྱེད་རྒྱུ།  བོད་རིགས་སྡེ་བར་བསྐྱོད་དེ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་འཆམ་མཐུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཉམས་ལེན་བྱེད་རྒྱུ་དང་། མཚོ་སྔོན་གྱི་ན་གཞོན་དང་ཁ་བརྡ་བརྗེ་རེས་བྱས་ནས། བསམ་བློའི་ལྟ་ཚུལ་མཉམ་སྤྱོད་བྱེད་པ་དང་། མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།