
ཟླ9པའི་ཚེས10ཉིན། 2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་བརྗེ་རེས་ཚོགས་འདུ་དེ་པེ་ཅིང་རྒྱལ་སའི་རྣོ་ལྕགས་གླིང་ཁུལ་དུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས། མཚོ་སྔོན་ཞིང་ཆེན་གྱིས་དངུལ་རྩའི་ཞབས་ཞུ་དང་གཞི་གྲངས་ཆ་འཕྲིན་ཞབས་ཞུ། ས་གཤིས་རྩད་ཞིབ་ཞབས་ཞུ། ལྗང་མདོག་རྩིས་ནུས། སྲོལ་རྒྱུན་བོད་སྤོས། བོད་སྨན་ཞབས་ཞུ། ཡུལ་སྐོར་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་བཅུ་བཞི་རྩ་འཛུགས་བྱས་ཏེ་འགྲེམ་སྟོན་དང་ཚོགས་འདུར་ཞུགས་པ་དང་། མཚོ་སྔོན་གྱི་ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཡིད་ཆེས་ཆེ་རུ་འགྲོ་བར་རྨང་གཞི་བཏིངས།
ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་ནས་བཟུང་། ཞབས་ཞུ་ཉོ་ཚོང་བརྗེ་རེས་ཚོགས་པ་དེ་པེ་ཅིང་རྒྱལ་སའི་རྣོ་ལྕགས་གླིང་ཁུལ་དུ་བཙུགས། ཐེངས་འདིའི་ཞབས་ཞུ་ཉོ་ཚོང་བརྗེ་རེས་ཚོགས་འདུའི་སྟེང་གོ་ལ་ཧྲིལ་བོའི་ཞབས་ཞུ་དང་གཉིས་ཕན་མཉམ་སྤྱོད་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ཤིང་། གཞི་གྲངས་དང་རིག་ནུས་ཀྱིས་ཁྲིད་སྟོན་བྱས་ནས་ཞབས་ཞུ་ཉོ་ཚོང་གི་རྣམ་པ་གསར་སྒྱུར་བྱེད་ཅེས་པའི་ལོ་འཁོར་གྱི་བརྗོད་དོན་ལ་དམིགས་པ་དང་། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་མུ་མཐུད་དུ་གོ་ལ་ཧྲིལ་བོའི་ཞབས་ཞུ་ཉོ་ཚོང་རྩེ་ཚོགས་དང་འགྲེམ་སྟོན། གླེང་སྟེགས་ཚོགས་འདུ། གྲོས་མོལ་འོས་སྦྱོར། གྲུབ་འབྲས་ཁྱབ་བསྒྲགས། སྡེབ་སྒྲིག་བྱ་འགུལ་སོགས་སྤེལ་ཏེ། རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་ཁྱབ་ཁོངས་ཀྱི་ཁྱབ་རྒྱ་ཆེ་ཞིང་རིམ་པ་ཟབ་པའི་བརྗེ་རེས་དང་མཉམ་ལས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་གཙོ་ཐིག་ཏུ་བཟུང་ནས། སྨི་རྒྱ་དཔངས་གྲུ་བཞི་མ་བརྒྱ་ཅན་གྱི་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་ཁུལ་བསྐྲུན་པ་དང་། མཚོ་སྔོན་གྱི་གསོལ་སྟོན་ཞེས་པའི་ཡུན་རིང་བརྗོད་གཞི་འབུར་དུ་ཐོན་པར་བྱས་ཤིང་། ཡི་གེ་དང་རི་མོ། བརྙན་གཟུགས། དངོས་པོ་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་དེ། ཕྱོགས་ཡོངས་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱས་པ་དང་། ཞབས་ཞུ་ཉོ་ཚོང་གི་དཔེ་མཚོན་ཁེ་ལས་ཀྱི་འཕེལ་རྒྱས་དང་ལས་སྒོ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས།
ཞབས་ཞུ་ཉོ་ཚོང་བརྗེ་རེས་ཚོགས་འདུའི་སྐབས་སུ། འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཀྱིས་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་རང་བཞིན་གྱི་དཔལ་འབྱོར་ཉོ་ཚོང་རྩེར་སྙེག་སྟེགས་བུའི་གོ་སྐབས་དམ་འཛིན་བྱས་ཏེ། རྒྱལ་ཕྱི་ནང་གི་སྐུ་མགྲོན་དང་ཚོང་པས་མཉམ་དུ་མཉམ་ལས་མཉམ་རྒྱལ་གྱི་གོ་སྐབས་གསར་བ་འཚོལ་བ་དང་། ལས་གཞི་མཉམ་ལས་ཀྱི་ཚོང་ལས་གོ་སྐབས་འོས་སྦྱོར་ལེགས་པོ་བྱས་ནས། མཚོ་སྔོན་གྱི་ཞབས་ཞུ་ཉོ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་རྒྱུ་རེད། དེ་དང་མཉམ་དུ། འགྲེམ་སྟོན་དང་ཚོགས་འདུར་ཞུགས་པའི་ཁེ་ལས་རྩ་འཛུགས་བྱས་ནས་སློབ་སྦྱོང་ཟབ་མོ་བྱེད་པ་དང་། འགྲེམ་སྟོན་ལ་ཞུགས་པའི་རྒྱལ་ཁབ་དང་། སྤུན་ཟླའི་ཞིང་ཆེན་དང་ལྗོངས་དང་གྲོང་ཁྱེར་བཅས་ཀྱི་ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་ཁྱབ་ཁོངས་ཀྱི་སྔོན་ཐོན་ཉམས་མྱོང་དང་གསར་གཏོད་བྱེད་ཐབས་ལ་དཔེ་ལྟོས་བྱས་ཏེ། རྒྱལ་ཕྱི་ནང་གི་སྔོན་ཐོན་ལག་རྩལ་དང་རྩེར་སྙེག་ཞབས་ཞུ་འཕེལ་རྒྱས་ཀྱི་གནས་བབ་ལ་རྒྱུས་ལོན་བྱེད་ཅིང་། ཞབས་ཞུ་ཉོ་ཚོང་ནུས་པ་མཐོར་འདེགས་གཏོང་བའི་ནུས་ལྡན་ཐབས་ལམ་སྔར་ལས་འཚོལ་ཞིབ་བྱས་ནས། རྒྱལ་སྤྱིའི་མཉམ་ལས་ལས་གཞིའི་དང་ལེན་ནུས་པར་ཤུགས་སྣོན་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།