
དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ལག་བསྟར་བྱས་ནས། འཛད་སྤྱོད་པའི་དངུལ་རྩའི་བྱང་ཚད་དང་ཉེན་ཁ་སྔོན་འགོག་ནུས་པ་མངོན་སུམ་མཐོ་རུ་གཏོང་ཆེད། ཟླ9པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི། 2025ལོའི་དངུལ་རྩའི་སློབ་གསོ་དྲིལ་སྒྲོག་གཟའ་འཁོར་གྱི་འགོ་རྩོམ་མཛད་སྒོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་འཚོགས།
ད་ཐེངས་ཀྱི་བྱེད་སྒོས“དངུལ་རྩའི་ཁེ་དབང་འགན་སྲུང་དང་སྐྱིད་པའི་འཚོ་བར་རོགས་རམ་བྱེད” ཅེས་པ་བརྗོད་དོན་དུ་བཟུང་ཡོད། མགོ་རྩོམ་མཛད་སྒོའི་སྟེང་། ཀྲུང་གོ་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིས་རིག་རྩལ་འཁྲབ་སྟོན་དང་མི་སེར་གྱི་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ལ་བརྟེན་ནས། དངུལ་རྩའི་ཤེས་བྱ་དྲིལ་སྒྲོག་བྱས་ཏེ། ཉིན་རྒྱུན་གྱི་འཚོ་བ་མཐོང་སྣེ་རུ་འཛིན་པ་དང་ཐོས་ན་ཉམས་དགའ་བའི་བྱེད་ཐབས་སྤྱད་ནས། ཇི་ལྟར་བྱས་ཏེ་གློག་འཕྲིན་གྱི་བསླུ་བྲིད་དང་བར་ཐག་བཀྱེད་པ་དང་། དངུལ་རྩའི་ཐོན་རྫས་འོས་འཚམ་ཇི་ལྟར་འདེམས་པ། དངུལ་རྩའི་དྲིལ་སྒྲོག་རྫུན་མར་ཡིད་ཆེས་བྱེད་མི་རུང་སོགས་དངུལ་རྩའི་ཤེས་བྱ་ཁྱབ་གདལ་བཏང་ནས། རོང་འབྲོག་མང་ཚོགས་ལ་“དངུལ་རྩ་སློབ་པ་དང་དངུལ་རྩ་ཁོང་དུ་ཆུད་པར་བྱེད་པ། དངུལ་རྩར་ཡིད་རྟོན་བྱེད་པ། དངུལ་རྩྭ་སྤྱོད་རྒྱུར”རོགས་རམ་བྱས། དུས་མཚུངས་སུ། བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་དྲིས་ལན་སྤེལ་ནས་ཚང་མ་འབད་པས་ཞུགས་རྒྱུར་འགུགས་ཤུགས་བསྩལ། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དངུལ་རྩའི་ཁྲོམ་ར་བཙུགས་པ་དང་། དངུལ་རྩའི་སྒྲིག་གཞི་ཁག་གིས་དྲིལ་སྒྲོག་འགྲེམས་སྟེགས་འཛུགས་པ་དང་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ། དངུལ་རྩའི་ཤེས་བྱའི་མཉམ་འགུལ་རོལ་རྩེད་ཆུང་ཆུང་ཇུས་འགོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རོང་འབྲོག་མང་ཚོགས་ལ་དངུལ་རྩའི་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། ཡུལ་དངོས་ནས་འཛད་སྤྱོད་པའི་ལས་སྒོའི་བློ་འདྲིར་ལན་འདེབས་པ་དང་། ངོ་ཐུག་འབྲེལ་གཏུག་བྱས་པ་བརྒྱུད་དེ། དངུལ་རྩའི་ཤེས་བྱ་མི་སེམས་སུ་སིམ་པར་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།