
ཟླ9པའི་ཚེས16ཉིན། གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ལས་ཞིང་སྡེ་པུའུ་ཡིས་ཉེ་ལམ་ཁྱབ་བསྒྲགས་བྱས་པའི2025ལོའི་སྐོར་གཉིས་པའི་རྒྱལ་ཡོངས་ཁྱད་ལྡན་སྤུས་གསར་ཞིང་ལས་ཐོན་རྫས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་གྱི་སྤུས་ལེགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཉེར་དགུ་མིང་ཐོའི་ཁྲོད་ཚུད་ཡོད། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཐོན་རྫས་དོན་བདུན་མིང་ཐོ་དེའི་ཁྲོད་ཚུད་པ་དང་། དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་འདེབས་འཛུགས་ལས་རིགས་དང་ཞིང་ཕྱུགས་ལས། ཉ་ལས་བཅས་རིགས་ཆེན་པོ་གསུམ་དང་ཐོན་ལས་རིགས་དགུ་ལ་ཁྱབ་ཡོད།
ཐེངས་འདིའི་མིང་ཐོའི་ཁྲོད་ཚུད་པའི་ཐོན་རྫས་རྣམས་མིན་ཡོན་དང་མདོ་ལ། མདའ་བཞི། རྐང་ཚ། རྩེ་ཁོག ཁྲི་ཀ པདྨ། དགའ་བདེ་སོགས་རྫོང་བརྒྱད་ཀྱི་ནས་ལས་སྣོན་ཐོན་རྫས་དང་བཟའ་སྣུམ། འོ་མའི་ཐོན་རྫས། ཤ་ཡི་ཐོན་རྫས། ཁྱད་ལྡན་འཐུང་ཆུ་སོགས་རིགས་མང་པོར་ཁེབས་ཡོད་ལ། ལྷག་པར་དུ་ནོར་ནག་དང་བོད་ལུག་གཙོ་ཡིན་པའི་མཐོ་སྒང་གི་ཕྱུགས་ལས་ཐོན་རྫས་དང་། ནས་དང་ལོག་ཀར་མ་བཅོས་རྒྱུ་ཆ་ཡིན་པའི་ལྷད་མེད་ལས་སྣོན་ཐོན་རྫས། དེ་མིན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གྲོ་མ་སོགས་ཐོན་རྫས་རྣམས་ཀྱི་སྤུས་ཚད་བཟང་ལ་བྲོ་བ་ཞིམ་པར་མ་ཟད། ས་ཁོངས་དང་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་བསྐྲུན་པར་དམིགས་ནས། ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་པ་དང་། ཞིང་ཕྱུགས་ཐོན་རྫས་རིགས་ཀྱི་གསོ་སྐྱོང་དང་། སྤུས་ཚད་མཐོ་འདེགས་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བར་མ་ཟད། གོ་རིམ་ཧྲིལ་བོའི་སྤུས་ཚད་བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་སྟེ། ཞིང་ཕྱུགས་ཐོན་རྫས་ཁྲོམ་རའི་ཁས་ལེན་ཐོབ་ཚད་དང་མིང་གྲངས་ཚད་མངོན་གསལ་མཐོར་འདེགས་བྱུང་། རྒྱལ་ཡོངས་ཁྱད་ལྡན་སྤུས་གསར་ཞིང་ལས་ཐོན་རྫས་ཀྱི་མིང་ཐོ་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་བ་དེས། མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཀྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་སྤེལ་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།
ལྷ་མོ་ཚེ་རིང་གིས་བསྒྱུར།