
ཟླ9པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི། “གུས་སྲོལ་བཟང་བོའི་ལམནས་ཁྲིམས་སྲུང་བ་དང་ཟས་རིགས་བདེ་འཇགས་མཉམ་སྤྱོད”ཅེས་པའི། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དུ་སྤེལ་མགོ་བརྩམས་ཤིང་། དེའི་དམིགས་ཡུལ་ནི་ཟས་རིགས་བདེ་འཇགས་ཐད་གནས་པའི་གནད་དོན་མངོན་གསལ་ཅན་གྱི་བཅོས་སྐྱོང་ལས་སྒོ་མུ་མཐུད་ཟབ་སྤེལ་གཏོང་བ་དང་། སྐྱོན་ཆ་ཅི་ཡོད་མཐའ་གཅིག་ཏུ་མེད་པར་བཟོ་བ།“མངོན་མེད་སྒྲིག་སྲོལ”མེད་པར་བཟོ་བ་བཅས་བྱས་ཏེ། ཟས་རིགས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་སྦྱོ་བ་ཅི་རིགས་ཐག་གཅོད་ནན་མོ་བྱས་ནས། ཟས་རིགས་བདེ་འཇགས་ཀྱི་འཛད་སྤྱོད་ཁོར་ཡུག་གཙང་མ་ཡོང་བའི་ཆེད་ཡིན།
བྱེད་སྒོ་སྤེལ་ཡུལ་དུ་བརྙན་ལམ་ནས་ཉེ་བའི་ལོ་འདི་དག་རིང་ལ། རང་རེའི་ཞིང་ཆེན་གྱིས་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་དང་ཉེན་ཁ་ཚོད་འཛིན། ནུས་པ་འཛུགས་སྐྲུན་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་མངོན་གསལ་ཅན་གཅིག་སྡུད་སྒོས་བསྟན་པ་དང་། གདན་ཞུའི་མི་སྣར་མཚོ་སྔོན་ཞིང་ཆེན་ཟས་རིགས་བདེ་འཇགས་ཀྱི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གདན་ཞུའི་ཡི་གེ་བྱིན། གསར་དར་ལས་རིགས་ཁྱབ་ཁོངས་ཀྱི་ཟས་རིགས་བདེ་འཇགས་ལ་དོ་ཁུར་བྱེད་ཀྱིན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཡུལ་དངོས་ནས་ཕྱི་ཚོང་ལས་སྟེགས་ཀྱི་འཐུས་མིར“བཟའ་བཅའི་བདེ་འཇགས་ཐུམ་མཆན”སྤྲད། བྱེད་ཕྱོགས་དེའི་དམིགས་ཡུལ་ནི་ལག་རྩལ་གྱི་ཐབས་ཤེས་སྤྱད་དེ། ཕྱི་ལ་བཙོང་བའི་ཟས་རིགས་སྡེབ་སྐྱེལ་གོ་རིམ་ཁྲོད་སྦགས་བཙོག་མི་ཐོན་པ་དང་། ཕྱི་ལ་བཙོང་བའི་ཟས་རིགས་ཀྱི“མཐའ་མའི་སྤྱི་ལེ་གཅིག”གི་བདེ་འཇགས་ལ་འགན་ལེན་བྱ་ཆེད་ཡིན།
མཚོ་སྔོན་ཞིང་ཆེན་གྱིས་ཟས་རིགས་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་དམ་བརྟན་པོ་འཛུགས་པ་དང་། ཟས་རིགས་བདེ་འཇགས་ཀྱི་ལས་རིམ་ཧྲིལ་བོའི་ ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བའི་བསམ་འཆར་དོན་འཁྱོལ་ནན་ཏན་བྱས་ཏེ། མཐུན་སྦྱོར་དང་ལྟ་སྐུལ་དོ་དམ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། ཕྱོགས་སོ་སོའི་འགན་འཁྲི་ཇེ་དམ་དུ་བཏང་སྟེ། འབྲེལ་ལམ་ཧྲིལ་བོ་དང་བརྒྱུད་རིམ་ཡོངས་ཀྱི་སྲུབས་མེད་འབྲེལ་མཐུད་ མངོན་འགྱུར་བྱ་རྒྱུ་རེད། དུས་མཚུངས་སུ་ཟས་རིགས་བདེ་འཇགས་ཀྱི་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཟས་རིགས་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་ལས་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། སྤྱི་ཚོགས་ལས་རིགས་ཁག་ཚང་མ་ལྟ་སྐུལ་ནང་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱས་ནས། སྤྱི་དམངས་ཀྱི་ཟས་རིགས་བདེ་འཇགས་དང་འབྲེལ་བའི་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་བ་དང་། ཁེ་ལས་ཀྱི་ཟས་རིགས་བདེ་འཇགས་སྐོར་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། མི་ཚང་མས་ཟས་རིགས་བདེ་འཇགས་ལ་སེམས་ཁུར་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་འབད་པས་སྐྲུན་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།