
ཟླ9པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“གླ་ཕོགས་ཆད་མེད་པའི་ལས་གཞི་དང་གླ་ཕོགས་ཆད་མེད་པའི་ལས་རིགས། གླ་ཕོགས་ཆད་མེད་པའི་ས་ཁུལ་བཅས་ཀྱི་བྱ་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་ཐུན་ཏེ་རྫོང་ནས་འཚོགས།
ཐེངས་འདིའི་ཚོགས་འདུས་ཡུལ་དངོས་ལྟ་སྦྱོང་གི་རྣམ་པ་སྤྱད་དེ། ཚོགས་ཞུགས་མི་སྣ་རྩ་འཛུགས་བྱས་ནས་ཐུན་ཏེ་རྫོང་གི་ལངས་གཟུགས་རླངས་འཁོར་མཛོད་ཁང་དང་ལུས་རྩལ་སྤྱི་གླིང་གི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ཡོད་སར་སོང་ནས། ཆད་དངུལ་བཅོས་སྐྱོང་ལམ་ལུགས་དོན་འཁྱོལ་དང་། ལས་ཞུགས་དང་གླ་བདག་ལ་ཆེད་དུ་དོ་དམ་བྱེད་མཁན་གྱི་མི་སྣ་མངགས་ནས། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་བསྡུ་ལེན་བྱས་ནས་རང་གི་ཐག་ཉེ་ས་རུ་ལས་ཞུགས་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།
ད་ལོ་ནས་བཟུང་། མཚོ་ལྷོ་གྱི་གླ་ཕོགས་ཆད་ལུས་བྱུང་བའི་ལས་དོན་གྱི་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་ཐོབ་པ་དང་། ཁུལ་ཡོངས་ཀྱི་གླ་ཕོགས་ཆད་ལུས་བྱུང་བའི་གྱོད་གཞིའི་ཁ་གྲངས་དང་འབྲེལ་ཡོད་མི་སྣའི་ཁ་གྲངས། མ་དངུལ་གྱི་ཁ་གྲངས་བཅས་སོ་སོར་དུས་མཚུངསལས65%དང་87%། 89%བཅས་མར་འགྲིབ་ཡོད་ཅིང་། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་ཡིག་སྐུར་ཞུ་གཏུག་གྱོད་གཞི་དུས་མཚུངས་ལས་37.5%མར་འགྲིབ་ནས། གླ་ཕོགས་ཆད་ལུས་བྱུང་བའི་གྱོད་གཞིར་དུས་རིམ་རང་བཞིན་གྱི་གཙང་སེལ་བྱས་ནས། ལས་དོན་ཁག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།
མ་འོངས་པར། མཚོ་ལྷོ་ཁུལ་གྱི་རྫོང་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་དང་། མིག་སྔའི་ལས་ཀའི་ཁྲོད་གནས་པའི་ཞན་ཆ་ངོས་འཛིན་གསལ་པོ་བྱས་ནས། ལས་ཞུགས་ལས་སྐྲུན་གྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། སྤྱི་ཚོགས་འགན་སྲུང་ཐེབས་རྩ་རྒྱུན་མཐུད་ངང་སྲ་བརྟན་དང་མཐོར་འདེགས་གཏོང་བ་སོགས་ཕྱོགས་བརྒྱད་ཀྱི་ཐད་ནས་ལས་དོན་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།