མཚོ་ལྷོ་ཁུལ་གྱིས་ས་གནས་ཀྱི་ཁྲིམས་སྲོལ་ལ་བརྟེན་ནས་རྒྱུན་མཐུད་འཕེལ་རྒྱས་ལ་འགན་སྲུང་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ9པའི་ཚེས17ཉིན། མཚོ་ལྷོ་ཁུལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ནས། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་སྐོར་གྱི་སྲོལ་ཡིག》ཅེས་པ2025ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཁྱབ་སྒྲོག་བྱས། 《སྲོལ་ཡིག》གི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་སྐོར་ལ་ཆོག་མཆན་སྤྲད་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་དང་། གསར་གཏོད་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐུན་སྦྱོར་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ཡིན།

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས། ཚན་རྩལ་གསར་གཏོད་སོགས་ཕྱོགས་གང་ཅིའི་ཐད་ནས་གྲུབ་འབྲས་མངོན་གསལ་ཅན་བླངས་ཡོད། རྒྱལ་ཁབ་ཀྱི“ལྕག་རི་གཉིས་དང་རྒྱུད་གསུམ”གྱི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་ཆགས་སྟངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བཤད་ན། མིག་སྔར་སྐྱེ་ཁམས་བཅོས་སྐྱོང་དེ་གཙོ་བོ་སྲིད་ཇུས་ཀྱི་སྐུལ་འདེད་ལ་བརྟེན་ཡོད་པ་ལས་བཅའ་ཁྲིམས་ཀྱི་བཙན་ཤེད་རང་བཞིན་དང་བརྟན་བརླིང་རང་བཞིན་མེད་པའི་དབང་གིས། 《སྲོལ་ཡིག》དེ་ཆེད་དུ་བཟོས་པ་ཡིན་ལ། 《སྲོལ་ཡིག》དེ་ནི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལམ་ལུགས་ཀྱི་རྨང་རྡོ་ཡིན་པར་བརྟེན། དེས་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་བཅའ་ཁྲིམས་ཀྱི་ཚོད་འཛིན་ནུས་པ་འདོན་སྤྲོད་གང་ལེགས་བྱེད་ཐུབ་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་དཔེ་སྟོན་ཁུལ་གྱི་ལག་ལེན་གྲུབ་འབྲས་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་ལུགས་གསར་གཏོད་སུ་བསྒྱུར་རྒྱུ་རེད།

མཚོ་ལྷོ་ཁུལ་ནི་ནུབ་བྱང་ས་ཁུལ་གྱི་ཞིང་ལྗོངས་ལྔ་དང་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་གྱི་ནང་ནས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གཅིག་པུ་ཡིན་པར་བརྟེན། 2022ལོའི་ཟླ7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་ཆོག་མཆན་སྤྲད་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ“གཙང་བོའི་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པའི་བརྗོད་དོན་ལ་དམ་པོར་དམིགས་ཏེ། སྐྱེ་ཁམས་ཀྱི་རྨང་གཞི་ཞན་པ་དང་སྐྱེ་ཁམས་སྲུང་སྐྱོབ་འཐབ་ཇུས་ཀྱི་དགོས་མཁོའི་འགལ་བ་འབུར་དུ་ཐོན་པ་དང་། ཐོན་ལས་ཀྱི་རྨང་གཞི་ཞན་པ་དང་དམངས་འཚོ་རྒྱུན་མཐུད་ཇེ་ལེགས་སུ་གཏོང་བའི་དགོས་མཁོའི་འགལ་བ་འབུར་ཐོན་ཡིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཚན་རྩལ་གསར་གཏོད་གཙོ་བོ་ཡིན་པའི་ཁྱོན་ཡོངས་ཀྱི་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱས་ཡོད། 《སྲོལ་ཡིག》ལ་ཁྱོན་ལེའུ7དང་དོན་ཚན54ཡོད་ཅིང་། དེའི་ནང་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་དང་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས། དམངས་འཚོ་བྱ་གཞག་འཕེལ་རྒྱས། ཚན་རྩལ་གསར་གཏོད་གྱི་འདེགས་སྐྱོར་དང་འགན་སྲུང་ལྟ་སྐུལ་སོགས་ཀྱི་ནང་དོན་ཚུད་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།