མདོ་དབུས་མཐོ་སྒང་གི་དམའ་དབྱིངས་བདེ་འཇགས་ཚོད་ལྟ་ཁང་ཐོག་མའི་སྒོ་ཕྱེ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཉེ་ལམ།   མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་དང་། ནུབ་བྱང་བཟོ་ལས་སློབ་ཆེན་གློག་རྡུལ་ཆ་འཕྲིན་སློབ་གླིང་།ཀྲུང་གོའི་དབྱི་ཏུང་འཕྲིན་གཏོང་སྡེ་ཚོགས་མཚོ་སྔོན་ཚད་ཡོད་ཀུང་ཟི་བཅས་ཕྱོགས་གསུམ་ཀྱིས་མཉམ་དུ་འཛུགས་སྐྲུན་བྱས་པའི་མཐོ་སྒང་གི་དམའ་དབྱིངས་བདེ་འཇགས་ཞིབ་འཇུག་མཉམ་ལས་ཚོད་ལྟ་ཁང་མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་དུ་སྒོ་ཕྱེ།

མདོ་དབུས་མཐོ་སྒང་གི་དམའ་དབྱིངས་བདེ་འཇགས་ཁྱབ་ཁོངས་ལ་དམིགས་པའི་ཆེད་ལས་ཚོད་ལྟ་ཁང་ཐོག་མ་ཡིན་པའི་ངོས་ནས། དེས་མདོ་དབུས་མཐོ་སྒང་གི་དམིགས་བསལ་ཁོར་ཡུག་འོག་གི་དམའ་དབྱིངས་བདེ་འཇགས་ལག་རྩལ་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་པར་མ་ཟད། རང་རྒྱལ་ནུབ་རྒྱུད་ཀྱི་དམའ་དབྱིངས་བདེ་འཇགས་བཅོས་སྐྱོང་དེ་ཐོན་སློབ་ཞིབ་སྤྱོད་བཅས་མཐུན་སྦྱོར་གཏིང་ཟབ་ཡོང་བ་དང་། ཚན་རྩལ་ནུས་འདོན་དངོས་འཐབ་ཉེར་སྤྱོད་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། ད་ཐེངས་ཕྱོགས་གསུམ་གྱིས་མཉམ་དུ་ཚོད་ལྟ་ཁང་བསྐྲུན་ནས་ཆེད་ལས་ཅན་དང་མ་ལག་ཅན་གྱི་དམའ་དབྱིངས་བདེ་འཇགས་ལག་རྩལ་ཞིབ་འཇུག་དང་བཀོལ་སྤྱོད་ཀྱི་ལྟེ་བའི་དགོས་མཁོར་དམིགས་ནས། ལག་རྩལ་འགག་སྒྲོལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དངོས་འཐབ་ཉེར་སྤྱོད་ཕྱོགས་སྟོན་དུ་བྱས་ཏེ།  ཚན་ཞིབ་དང་ཞབས་ཞུའི་སྦྲེལ་ཐག་ཡོངས་ལ་ཁྱབ་པའི་མཐུན་སྦྱོར་གསར་གཏོད་མ་ལག་བསྐྲུན་ཡོད།

ཕྱོགས་གསུམ་གྱིས་ལག་གདང་སྦྲེལ་ནས་མཉམ་དུ་མཐོ་སྒང་གི་དམའ་དབྱིངས་བདེ་འཇགས་ཞིབ་འཇུག་མཉམ་ལས་ཚོད་ལྟ་ཁང་བཙུགས་པ་ནི། རྒྱལ་ཁབ་ཀྱི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་དང་བསྟུན་པ་དང་། ནུབ་ཕྱོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་གལ་ཆེའི་ལག་ལེན་ཡིན། ཐོན་སློབ་ཞིབ་སྤྱོད་མཐུན་སྦྱོར་ཟབ་མོ་བྱས་པ་བརྒྱུད་ནས། ཚོད་ལྟ་ཁང་དེས་མཚོ་སྔོན་ཞིང་ཆེན་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་དམའ་དབྱིངས་བདེ་འཇགས་བཅོས་སྐྱོང་ནུས་པ་མཐོར་འདེགས་བཏང་བར་མ་ཟད། ད་དུང་མཐོ་སྒང་གི་དམའ་དབྱིངས་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་བདེ་འཇགས་ཀྱི་འགོག་ར་བརྟན་པོ་བཙུགས།

ཏིང་འཛིན་མཚོ་མོས་བསྒྱུར།