
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས“ཡུལ་ཚོ་དང་གྲོང་རྡལ་གྱི་ནང་དུ་ཐོན་དགོས་པ་དང་གཞིས་ཁུལ་དུ་ཐོན་དགོས་པ། ཁེ་ལས་ཀྱི་སར་ཐོན་དགོས་པ”བཅས་ཀྱི་གདན་འདྲེན་ཞབས་ཞུའི་བྱེད་སྒོ་གསར་པ་སྤེལ་བ་དང་། བྱེད་སྒོ་གསར་པ་དེས་མིག་སྔའི་བར་དུ“ཐོན་དགོས་པ་གསུམ”གྱི་བྱེད་སྒོ་སྐོར་ཁག་དང་པོས་ལས་ཞུགས་ལས་རྐང1000ལྷག་མཁོ་འདོན་བྱས་པ་དང་། མི180ལྷག་ལ་ལས་ཞུགས་བྱེད་འདོད་ཡོད་པའི་རེ་བ་བསྐངས་ཡོད་ལ། ལས་ཞུགས་བྱས་མེད་པའི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་ཚད100%སླེབས་ཡོད་ཅིང་། ལས་ཞུགས་ཞབས་ཞུའི་གནད་ཁེལ་གྱི་ཚད་དང་ཕན་འབྲས་མངོན་སུམ་ཇེ་མཐོར་ཕྱིན་ཡོད།
མཚོ་བྱང་ཁུལ་གྱིས་ཡུལ་ཚོ་དང་གྲོང་རྡལ་གྱི་རོང་འབྲོག་མི་དམངས་དང་ལས་ཞུགས་བྱས་མེད་པའི་སློབ་ཆེན་མཐར་ཕྱིན་སློབ་མ་སོགས་ཀྱི་ཚོགས་སྤྱིའི་ ལས་ཞུགས་དགོས་མཁོ་སྐོང་རྒྱུ་དེ་གཙོ་གནད་དུ་བཟུང་ནས། ལས་ཞུགས་འབྲེལ་གཏུག་པའི་འཐབ་ཕྱོགས་དང་པོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། “ཕན་འདོགས་པའི”བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས། ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ནས་ཕན་པ་ཆེ་བའི་ཆེད་དམིགས་གདན་ཞུའི་ལས་དོན་སྤེལ་ཡོད། དེ་མིན་ད་དུང་ས་གནས་དེ་གའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་རིག་གནས་ཡུལ་སྐོར་ཞབས་ཞུ་སོགས་ཀྱི་ལས་གནས་ལ་དམིགས་ནས་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་ཆུ་ཚད་དང་མཐུན་པའི་ལས་གནས་ཀྱི་ཆ་འཕྲིན་ཡུལ་དངོས་སུ་ཁྱབ་སྒྲོག་བྱས་ཏེ། ལས་ཞུགས་མ་བྱས་པའི་སློབ་ཆེན་མཐར་ཕྱིན་སློབ་མར་སྲིད་ཇུས་བློ་འདྲི་དང་ལས་གནས་སྦྲེལ་མཐུད་ཞབས་ཞུ་དུས་མཉམ་དུ་མཁོ་འདོན་བྱས་ནས། རྒྱ་ཆེའི་ལས་ཀ་འཚོལ་མཁན་གྱིས་རང་གི་སྒོ་འགྲམ་དུ་རང་ཉིད་ཀྱི་འཇོན་ཐང་དང་འཚམ་པའི་ལས་གནས་རྙེད་ཐུབ་པ་དང་། ལས་ཞུགས་ཞབས་ཞུའི་མཐའ་མཇུག་གི་སྟོང་ཆ་དེ་བསྐངས།
བན་དེ་སྐྱབས་ཀྱིས་བསྒྱུར།