
ཟླ9པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རོང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བརྙན་འཕྲིན་འཁྲབ་བཤད་འགྲན་སྡུར་སྐབས་གཉིས་པ་ཟི་ལིང་དུ་སྤེལ། ཐོག་མའི་འགྲན་རིམ་བརྒྱུད་མཐར། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་འགྲན་ཞུགས་པ་སོ་གཉིས་བསྐྱར་འགྲན་ཁྲོད་ཚུད་པ་དང་། མཇུག་མཐར་འགྲན་ཞུགས་པ་དགུ་རྟིང་རྩོད་འགྲན་སྡུར་ཁྲོད་ཚུད།
ཐེངས་འདིའི་འགྲན་སྡུར་ནི་ཞིང་ཆེན་ཏང་ཨུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས། དེའི་དམིགས་ཡུལ་ནི་མྱོང་སྣང་ཟབ་ཅིང་ཕན་ཡོད་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཁྲོད་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བ་དང་སྐབས་ཉེར་བརྒྱད་པའི་རྒྱལ་ཡོངས་ཀྱིས་སྤྱི་སྐད་ཁྱབ་གདལ་དྲིལ་སྒྲོག་གཟའ་འཁོར་གྱི་དྲིལ་སྒྲོག་བྱ་འགུལ་གསར་གཏོད་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་འདེགས་གཞི་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་སུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད་རེད། འགྲན་ཞུགས་པའི་ཁ་གཏད་ས་དེ་ཞིང་ཆེན་ཡོངས་ཀྱི་ལོ་ན18ནས50བར་གྱི་གྲངས་ཉུང་མི་རིགས་རོང་འབྲོག་མང་ཚོགས་རེད།
འགྲན་སྡུར་ཁྲོད། འགྲན་ཞུགས་པ་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་བརྗོད་དོན་དུ་བཟུང་ཞིང་། བསམ་པའི་ཉམས་འགྱུར་གྱིས་ཡོངས་སུ་བརྟས་ཏེ་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་གསལ་འགྲེལ་བྱས་ལ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་དང་འབྲེལ་བའི་དོན་དག་དང་མིའི་གཏམ་རྒྱུད་འཆད་པར་བརྟེན་ནས། དུས་རབས་གསར་པའི་རོང་འབྲོག་ཁུལ་གྱི་རྣམ་པ་གསར་བ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་མཚོན་པར་བྱས་ཏེ། རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་དང་། བློ་བརྟན་འགྱུར་མེད་སྒོས་ཏང་གིས་ཕྱོགས་སྟོན་གནང་བའི་ཁ་ཕྱོགས་དེད་དེ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པར་སྣེ་ཁྲིད་བྱས། འགྲན་ཞུགས་པའི་སྤོབས་སེམས་དང་ངར་ཤུགས་རྒྱས་པའི་སྐད་གདངས། འཁྲབ་སྟོན་གྱི་བརྩེ་བ་ཟབ་མོ་བཅས་ཀྱིས་གཏམ་རྒྱུད་དངོས་མའི་ཚོར་བ་ཅིག་ཅར་དུ་ཐོན་པར་བྱས་པས། ཚང་མར་མྱོང་སྣང་ཟབ་མོ་བསྐྱེད་ཅིང་། དཔྱད་འདེམ་པའི་བསྔགས་བརྗོད་དང་ཡུལ་དངོས་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ། འགྲན་སྡུར་ལས་ཨང་དང་པོ་གཉིས་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་ལྔ། ཕུལ་བྱུང་རྩ་འཛུགས་བྱ་དགའ་དང་མི་སྒེར་ཕུལ་བྱུང་བྱ་དགའ་བཅས་བདམས་ཐོན་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།