
ཟླ9པའི་ཚེས20ཉིན། མཛེས་པའི་མཚོ་སྔོན་སྐོར་བའི་ལྕགས་རྟའི་མཉམ་འབྲེལ་འགྲན་སྡུར་ལས་མུའུ་རུང་གནའ་མཁར་བར་གྱི་འགྲན་སྡུར་དང2025ལོའི་ཧོང་ཀྲུང་ས་ཁུལ་གྱི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་བརྒྱད་པ་སྤེལ། རྒྱལ་ཡོངས་ས་ཆ་སོ་སོའི་ཞོན་རྒྱུགས་དགའ་མོས་མཁན་བརྒྱ་ཕྲག་ལྷག་མཉམ་དུ་འཛོམས་ནས། མཐོ་སྒང་ཞོན་རྒྱུགས་ཀྱི་ཟིལ་ཤུགས་ཉམས་སུ་མྱངས་བར་མ་ཟད། ལོ་ལེགས་དུས་ཆེན་གྱི་དགའ་སྤྲོར་མཉམ་དུ་རོལ།
ཐེངས་འདིའི་འགྲན་སྡུར་དེ་མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་ལྕགས་རྟའི་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་གཙོ་སྒྲུབ་བྱས། སྔ་དྲོའི་དུས་ཚོད10སྟེང་། འགྲན་ཞུགས་པ་རྣམས་ཞིན་ཧྭ་ལེན་བྱིས་པའི་སྤྲོ་སྐྱིད་གླིང་གི་མདུན་ནས་རྒྱུགས་མགོ་བརྩམས་ཤིང་། མཐོ་སྒང་གི་རྫོགས་ལྡན་སྟོན་གྱི་མཛེས་པ་ཉམས་སུ་མྱངས་ཞོར། མུའུ་རུང་གནའ་མཁར་གྱི་ཕྱོགས་སུ་རྒྱུགས། འགྲན་ལམ་གྱི་མཚོ་འཕང་སྨི2270ནས་སྨི2650བར་ཡིན་ལ། འགྲན་སློང་རང་བཞིན་དང་ལྗོངས་གཟིགས་རང་བཞིན་གྱི་ཁྱད་ཆོས་ཟུང་ལྡན་མངོན་ཡོད།
ཐེངས་འདིའི་འགྲན་སྡུར་དེ་ལོ18ནས་ལོ23བར་གྱི་སྐྱེས་པ་ན་གཞོན་པའི་ཚན་སྐོར་དང་། ལོ18མན་གྱི་སྐྱེས་པ་ན་གཞོན་པའི་ཚན་སྐོར། ལོ24ནས་ལོ55བར་གྱི་སྐྱེས་པ་དར་མའི་ཚན་སྐོར། ལོ18ནས་ལོ55བར་གྱི་སྐྱེས་མ་ཚན་སྐོར་བཅས་ཚན་སྐོར་བཞི་ཡིས་གྲུབ་ཡོད། འགྲན་སྡུར་རྗེས་སུ། ཐེན་ཅིན་ནས་ཐོན་པའི་འགྲན་ཞུགས་པ་ཡུས་ཕིན་གྱིས་བཤད་རྒྱུར། ཐེངས་འདིའི་མཛེས་པའི་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་རྒྱུགས་ཀྱི་མུའུ་རུང་གནའ་མཁར་བར་གྱི་འགྲན་སྡུར་ཁྲོད་ཞུགས་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ན་ནིང་ང་མཛེས་པའི་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་རྒྱུགས་ཀྱི་མཚོ་བྱང་འགྲན་རིམ་ཁྲོད་ཞུགས་པ་ཡིན། ང་མཚོན་ན་ཨང་རིམ་ལས་འགྲན་སྡུར་གྱི་བརྒྱུད་རིམ་ཧ་ཅང་གལ་ཆེ་བར་བརྩིས་ཡོད། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་སྟེགས་བུ་འདི་འདྲ་འདོན་སྤྲོད་བྱས་ནས། རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་ཞོན་རྒྱུགས་དགའ་མོས་མཁན་ལ་འཇོན་ཐང་ངོམས་པའི་གོ་སྐབས་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཟེར།
ས་ཚིགས་འདིའི་འགྲན་སྡུར་དེ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང་མཉམ་འདྲེས་སྒོས་སྤེལ་བས། འགྲན་ཞུགས་པ་རྣམས་ལ་ལྕགས་རྟ་འགྲན་རྒྱུགས་ཀྱི་ངར་ཤུགས་དང་བང་རྩལ་ཉམས་ལེན་གྱི་གོ་སྐབས་སྤྲད་པའི་ཞོར་དུ། གནས་མཆོག་ཧོང་ཀྲུང་གི་སྐྱེ་ཁམས་མཛེས་པ་དང་། རིག་གནས་ཉིང་བཅུད། ལོ་ལེགས་དགའ་སྟོན་བཅས་ཀྱི་བརྩེ་བ་ཚོར་དུ་བཅུག་ནས། ལུས་རྩལ་དང་ཞིང་ལས། རིག་གནས་ཡུལ་སྐོར་སོགས་སྣ་མང་མཉམ་འགུལ་གྱི་རྣམ་པ་བདེ་བླག་ངང་གྲུབ་པར་བྱས་ཏེ། ཧོང་ཀྲུང་གི་གྲོ་དང་ནས། ལག་ཤེས་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་གང་མང་སྔར་ལས་ཡངས་པའི་ཁྲོམ་རར་ཞུགས་པར་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཞིང་། ཞིང་པའི་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད། དུས་མཉམ་དུ། དམངས་ཡོངས་ཀྱི་ལུས་སྦྱོང་དང་། སྐྱེ་ཁམས་སྲུང་སྐྱོབ། རིག་གནས་ཡུལ་སྐོར་དང་གྲོང་གསེབ་དར་སྤེལ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཁུལ་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གསོན་ཤུགས་གསར་པ་བསྣན།
རིག་འཛིན་སྒྲོལ་མས་བསྒྱུར།