
ཟླ9པའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་སྤེལ་བའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཉམས་མྱོང་ཁྱབ་གདལ་གཏོང་བ་ཞེས་པའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བསྟུད་མར་སྨན་བཅོས་ཉམས་མྱོང་ཁྱབ་གདལ་དུ་བཏང་ནས། སྨན་རྫས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱས་ཤིང་། སྲིད་ཇུས་ཀྱི་ཁྲིད་ཕྱོགས་ལ་དམིགས་པ་དང་ཐོན་ཁུངས་སྙོམས་སྒྲིག་རྣམ་པ། འདེགས་སྐྱོར་འགན་སྲུང་ལེགས་སྒྱུར། སྨན་བཅོས་སྔོན་འགོག་གཏིང་ཟབ་མཉམ་འདྲེས་བཅས་བྱས་ཏེ། མཉམ་སྐྲུན་མཉམ་སྒྲུབ་ཀྱི་སྨན་བཅོས་བཅོས་སྒྱུར་མ་ལག་ཕྱོགས་ཡོངས་ནས་འགྲུབ་པ་དང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་སྨན་བཅོས་གནས་བབ་ལེགས་པའི་སྨན་བཅོས་ཞབས་ཞུའི་སྒྲིག་གཞི་གསར་བ་བསྐྲུན་ཞིང་། སྨན་བཅོས་གཅིག་མཐུན་ཚོགས་པ་འཕེལ་རྒྱས་ཀྱི་རྩ་བ་དང་རྨང་གཞི་སྲ་བརྟན་དུ་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་ལེགས་པོ་བྱས།
མཚོ་ལྷོ་ཁུལ་གྱིས་སྲིད་གཞུང་གི་གཙོ་ཁྲིད་དང་སྡེ་ཁག་གི་མཐུན་སྦྱོར་ལ་ཤུགས་བསྣན་ནས། དོ་དམ་མ་ལག་དང་འཁོར་རྒྱུག་མ་ལག་བཅོས་སྒྱུར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། སྨན་བཅོས་བཅོས་སྒྱུར་དེ་ཕྱོགས་རྐྱང་ཐོད་བརྒལ་ནས་མ་ལག་འདུས་གྲུབ་ཀྱི་ཕྱོགས་སུ་ཚུར་སྒྱུར་བྱེད་པར་སྐུལ་འདེད་བཏང་། རྫོང་རིམ་པའི་ནུས་པ་ཆེ་ཞིང་། ཡུལ་ཚོ་རིམ་པར་གསོན་ཤུགས་ལྡན་པ། སྡེ་བ་རིམ་པ་གཏན་འཇགས་ཡིན་པ། གོང་འོག་འབྲེལ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་བཅས་ཀྱི་དམིགས་འབེན་ལ་གཞིགས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འགུལ། རྫོང་གིས་ཡུལ་ཚོའི་སྣེ་ཁྲིད་པ་དང་། ཡུལ་ཚོས་སྡེ་བའི་སྣེ་ཁྲིད་པའི་བྱ་བའི་རྐྱེན་སྲོལ་བཙུགས། མྱུར་བརྟག་མྱུར་སྐྱོབ་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། སྙིང་ནད་ལྟེ་གནས་དང་སྐྱོབ་བཅོས་སྡེ་ཁག སྐྱོབ་བཅོས་ས་ཚིགས་བཅས་རིམ་པ་གསུམ་གྱི་སྐྱོབ་བཅོས་དྲ་རྒྱ་བསྐྲུན་ཞིང་། ཕྱོགས་ཡོངས་ནས་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་ཐབས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་སྨན་པ་བསྟེན་པའི་ཁུར་བོ་ཇེ་ཡང་དུ་བཏང་།
དམངས་ཡོངས་ཀྱི་བདེ་འཇགས་སྟེགས་བུ་རིམ་སྤོར་བྱས་པ་དང་། རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱས་ཏེ། ངོས་འཛིན་ལས་གཞི་ཉིས་བརྒྱ་རེ་བདུན་ལ་ཞིབ་བཤེར་ཚད་ལེན་བྱས་པ་དང་། ཁུལ་དང་རྫོང་། ཡུལ་ཚོ་བཅས་ཀྱི་རྒྱང་བསྟེན་སྨན་བཅོས་སྟེགས་བུ་ཕྱོགས་ཡོངས་ལ་ཁེབས་པར་བྱས། དེ་དང་མཉམདུ། སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པའི་བདེ་ཐང་དྲ་རྒྱ་བསྐྲུན་པ་དང་། ཁུལ་ཁོངས་སུ་གཞི་རིམ་གྱིས་བརྟག་དཔྱད་དང་གོང་རིམ་གྱིས་བརྟག་གཅོད་བྱེད་པ་མངོན་འགྱུར་བྱུང་སྟེ། མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་མདུན་དུ་སྤུས་ལེགས་བརྟག་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ།
སྔོན་འགོག་དང་སྨན་བཅོས་ཟུང་འབྲེལ་དང་སྔོན་འགོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་ཞབས་ཞུ་དང་སྤྱི་བའི་འཕྲོད་བསྟེན་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་། དམངས་ཡོངས་ཀྱིས་རིན་མེད་ངང་བདེ་ཐང་ལུས་བཤེར་བྱས་པ་དང་། ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་ལ་ཁེབས་པའི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུ་ནད་གཉིས་ཚད་ལྡན་ཅན་གྱི་ཕྱོགས་བསྡུས་སྔོན་འགོག་སྨན་བཅོས་མ་ལག་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས། གཞུང་བཙུགས་སྨན་ཁང་བཅུ་གཅིག་གི་འགོས་ནད་རིག་ནུས་ལྟ་ཞིབ་ཚད་ལེན་སྔོན་བརྡའི་མཉེན་ཆས་དངོས་སུ་སྤྱོད་འགོ་བརྩམས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལྟ་སྐུལ་བ་བཅའ་སྡོད་བྱས་ཏེ་ལྟ་སྐུལ་བྱེད་པ་ཕྱོགས་ཡོངས་ལ་ཁེབས་པར་བྱས། གཞི་རིམ་གྱི་ཀྲུང་ལུགས་བོད་ལུགས་སྨན་བཅོས་ཞབས་ཞུའི་ནུས་པ་སྔར་ལས་ཇེ་མཐོར་བཏང་ཞིང་། མཚོ་ལྷོ་ཁུལ་དེ་རྒྱལ་ཁབ་ཀྱི་ཀྲུང་ལུགས་སྨན་རྫས་རྒྱུད་འཛིན་གསར་གཏོད་འཕེལ་རྒྱས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པའི་གྲས་སུ་བདམས་ཐོན་བྱུང་། ཁུལ་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱི་རྒན་པའི་མཛའ་བཤེས་སྨན་བཅོས་ལས་ཁུངས་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་བ་དང་། ཚོགས་པ་གཙོ་བོའི་ཞབས་ཞུའི་ནུས་པ་སྔར་ལས་ཇེ་མཐོར་བཏང་།
ལྷ་མོ་འཚོས་བསྒྱུར།