
གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་རིམ་པ་དང་རིགས་དབྱེ་ནས་སྔར་ལས་འཐུས་ཚང་ཞིག་འཛུགས་ཆེད། ཉེ་ལམ། རང་ཞིང་གིས《མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི》པར་འགྲེམ་བྱས།
《ལག་བསྟར་ཇུས་གཞི》ལས《སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་རྒྱུ་རྐྱེན་གཙོ་བོར་འཛིན་པའི་རིགས་དབྱེའི་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྤོ་སྒྱུར་གཏོང་སྤྲོད་གཙོ་བོར་འཛིན་པའི་གཞུང་ཕྱོགས་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། མ་དངུལ་སྤྱི་ཡོངས་ཀྱི་ཕན་འབྲས་ལྟེ་བར་འཛིན་པའི་ཕྱོགས་བསྡུས་ཁ་གསབ་འཛུགས་པ། རྒྱལ་ཁབ་སྤྱི་གླིང་གཙོར་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁ་གསབ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། བཅོས་སྒྱུར་འགག་སྒྲོལ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་ཇུས་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་བ། འགན་འཁྲི་དངོས་འབེབ་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་མ་ལག་ཡུན་རིང་བརྟན་བརླིང་ཡོང་བར་སྲུང་སྐྱོབ་བྱ་རྒྱུ་གཞི་རྩར་འཛིན་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་དམིགས་ཡུལ་དུ་བརྩི་བ། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་གནས་སྒུལ་ཤུགས་བསྐྱེད་རྒྱུ་ལྟེ་བར་འཛིན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རྣམ་པ་འཐུས་ཚང་དུ་བཏང་ཡོད།
《ལག་བསྟར་ཇུས་གཞི》ལས་རྒྱལ་ཁབ་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་གཙང་བོ་དང་ཆུ་བོ་ཆེན་པོའི་གཞུང་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་ལག་བསྟར་ཟབ་མོ་བྱེད་པའི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་ལ་རྐང་བཙུགས་ནས། ཞིང་ཆེན་གྱི་ས་མཚམས་ལས་བརྒལ་བའི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཁ་གསབ་རྐྱེན་སྲོལ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁ་གསབ་ཁྱབ་ཁོངས་ཧུར་ཐག་གིས་འཚོལ་ཞིབ་དང་རྒྱ་བསྐྱེད་པ་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་དང་ཕན་ཁེ་ཐོབ་པའི་ས་ཁུལ་བར་དགེ་མཚན་ལྡན་པའི་མཉམ་འགུལ་ཡོང་བར་བྱས་ནས། སྤྱི་ཡོངས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ཡོད།
《ལག་བསྟར་ཇུས་གཞི》ལས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། སྣ་མང་ཅན་གྱི་དངུལ་གཏོང་རྐྱེན་སྲོལ་ཟབ་སྤེལ་བྱེད་པ་དང་ཁྲལ་བསྡུ་སྲིད་ཇུས་ཀྱི་སྐུལ་སློང་ནུས་པ་བསྐྱེད་པ། སྲིད་གཞུང་གི་ལྗང་མདོག་ཉོ་སྒྲུབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་ནས། ཁྱབ་རྒྱ་སྔར་ལས་ཆེ་བ་དང་འགན་དབང་སྔར་ལས་གསལ་བ། བྱེད་སྟངས་སྔར་ལས་མང་བ། བཅོས་སྐྱོང་སྔར་ལས་ཕན་ནུས་ཆེ་བ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རྐྱེན་སྲོལ་ཆགས་པར་བྱས་ཏེ། ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་བསྐྱེད་ཡོད།
དེ་ལས་གཞན།《ལག་བསྟར་ཇུས་གཞི》ལས་སྡེ་ཁག་སོ་སོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་དབང་སྔར་ལས་གསལ་བར་བྱས་ཏེ། བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་འགན་འཁྲིའི་ཞིབ་ཐོ་གཏན་འབེབས་དང་། ཁ་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་མཐོར་འདེགས་སུ་བཏང་ཡོད། གོ་རིམ་རྗེས་མར། ཞིང་ཆེན་ནོར་སྲིད་ཐིན་གྱིས་རྒྱལ་ཁབ་ཀྱི་རིམ་ངོས་ནས་བཙུགས་པའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།