མདའ་བཞི་རྫོང་གིས་འགྲན་སྡུར་བྱ་འགུལ་སྤེལ་བ་བརྒྱུད་དེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་ནས།   འགྲན་སྡུར་བྱ་འགུལ་སྤེལ་རྒྱུ་དེ་ཁུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་སྐུལ་འདེད་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད། གྲོང་ཁྱེར་གྱི་སྣང་བརྙན་ངོམས་པ་བཅས་ཀྱི་སྒུལ་ཤུགས་གལ་ཆེན་ཏུ་བརྩིས་ཏེ།   མིག་སྔའི་བར་དུ།    བསྡོམས་པས་ཡུལ་སྐོར་བ་མི་ཐེངས་འབུམ་དྲུག་དང་ཁྲི་བཞི་ལྷག་སྣེ་ལེན་བྱས་པ་དང་།    ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་མངོན་འགྱུར་བྱས་པ་དེ་ན་ནིང་གི་དུས་མཉམ་ལས་སོ་སོར་བརྒྱ་ཆའི་ཉེར་བརྒྱད་གྲངས་ཆུང་ལྔ་དང་བརྒྱ་ཆའི་སོ་དྲུག་གྲངས་ཆུང་ལྔ་འཕར་ནས།   འགྲན་སྡུར་བྱ་འགུལ་སྤེལ་བ་བརྒྱུད་དེ་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པར་ཕན་ནུས་མངོན་གསལ་ཐོབ།

མདའ་བཞི་རྫོང་གིས་སྐྱེ་ཁམས་སྔོན་ལ་འགྲོ་བ་དང་འགྲན་སྡུར་ལ་བརྟེན་ཏེ་ནུས་པ་བསྩོལ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས།  ཕྱོགས་ཡོངས་དང་ཁུལ་ཁོངས་ཡོངས།  གོ་རིམ་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་སྐུལ་འདེད་བཏང་བ་དང་།    སྐྱེ་ཁམས་སྲུང་སྐྱོབ་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།   རི་ཆུ་ནགས་ཞིང་དང་མཚེའུ།  རྩྭ་ས།  བྱེ་མ་བཅས་ཀྱི་མ་ལག་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ།   མཚོ་སྔོན་པོའི་བྱང་ཕྱོགས་སོགས་ཁུལ་ཁོངས་གཙོ་བོར་དམིགས་ནས།    འགྲམ་རྒྱུད་རྩྭ་ཐང་གི་སྐྱེ་ཁམས་གནད་དོན་དག་ཐེར་བཅོས་སྐྱོང་ཟབ་མོ་བྱས་ཏེ།   སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བསྐྲུན།   དེ་དང་མཉམ་དུ།   རིམ་པ་བགར་བའི་སྲུང་སྐྱོང་ལམ་ལུགས་བཙུགས་ཏེ།   འགྲན་སྡུར་སྤེལ་ཡུལ་གྱི་སྔོ་ཁེབས་དང་བརླན་ས་སོགས་ལ་ཞིབ་ཚགས་ཅན་གྱི་དོ་སྲུང་ལག་བསྟར་དང་། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་དང་ལྟ་སྐུལ་དོ་དམ་བྱེད་པ།  ཁྲིམས་འཛིན་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།   ཡུལ་སྐོར་བ་རྣམས་ལ་སྐྱེ་ཁམས་ཡུལ་སྐོར་གྱི་ཉམས་ལེན་ལེགས་པོ་འདོན་སྤྲོད་བྱས།

འགྲན་སྡུར་བྱ་འགུལ་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་།  འགྲན་སྡུར་བྱ་འགུལ་ལ་བརྟེན་ནས་ཞབས་ཞུ་ལེགས་སྒྱུར་བྱེད་པར་དམིགས་ནས།    འགྲན་སྡུར་གྱི་འགུག་ཤུགས་དང་རྡུལ་ཕྲན་མཁར་གྱི་དམར་པོའི་རིག་གནས་སོགས་སྔོན་འདོན་ཟབ་མོ་བྱས་ཏེ།   བྱ་འགུལ་སྣ་མང་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་བསྐྱེད།    དེར་མ་ཟད།   འགྲན་སྡུར་བྱ་འགུལ་གྱི་འགན་སྲུང་བྱ་བར་དམིགས་ནས།    གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་བ་དང་།   མཁར་གྲོང་གཙོ་བོའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་།  མཁར་གྲོང་གི་ཁོར་ཡུག་གཙང་སྦྲའི་དག་ཐེར་བཅོས་སྐྱོང་ཤུགས་ཚད་ཆེ་རུ་བཏང་ནས་མིག་སྔའི་བར་མཁར་གྲོང་གི་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་ཚད་དང་བཙོག་ཆུ་ཐག་གཅོད་བྱེད་ཚད་སོ་སོར་བརྒྱ་ཆའི་གོ་བརྒྱད་དང་བརྒྱ་ཆའི་གོ་གཉིས་ལ་སླེབས།

ལྷ་མོ་ཚེ་རིང་གིས་བསྒྱུར།