
ཟླ9པའི་ཚེས22ཉིན། མཚོ་སྔོན་གྱི་གཅེས་སེམས་ཁེ་ལས་གསམ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པར་རིན་ཐང་སྒོར་བྱེ་བ་གསུམ་ས་ཡ་བདུན་གྱི་སྨན་བཅོས་དངོས་རྫས་ཞལ་འདེབས་སུ་ཕུལ་ཏེ། ས་ཁུལ་ཁ་ཤས་ཤིག་གི་སྨན་བཅོས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། སྨན་རྫས་ཀྱིས་མི་འདང་བའི་གནད་དོན་ཞི་འཇགས་སུ་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གཞི་རིམ་འཕྲོད་བསྟེན་སྨན་བཅོས་ཞབས་ཞུའི་བྱེད་ནུས་མཐོར་འདེགས་གཏོང་ཆེད་རོགས་ཤུགས་བཏོན།
མཚོ་སྔོན་ནི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པས། འཕྲོད་བསྟེན་བདེ་ཐང་ལས་དོན་འཕེལ་རྒྱས་སུ་བཏང་ན་སྐྱེ་ཁམས་སྲུང་སྐྱོབ་ཐད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་ཐུབ། བདེ་ཐང་གི་སྐྱེ་ཁམས་དོ་སྲུང་པའི་དཔུང་ཁག་ཅིག་དང་། གཞི་རིམ་དུ་རྐང་ཚུགས་པའི་བདེ་ཐང་སྲུང་སྐྱོབ་མཁན་སྐོར་ཁག་རེ་རེ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོ་དང་། གཞི་རིམ་གྱི་སྨན་བཅོས་ཆ་རྐྱེན་འཐུས་ཚང་དུ་བཏང་ནས། མང་ཚོགས་སྔར་ལས་མང་པོ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཟབ་ཞུགས་བྱེད་དུ་འཇུག་རྒྱུ་དེ་ཧ་ཅང་གལ་ཆེ།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དམངས་ཚིས་བདེ་སྐྱིད་སེམས་ལ་ཐོགས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་དང་། མཚོ་སྔོན་ཏིན་ཐའེ་ས་ཁང་བདག་ཁོངས་གསར་སྤེལ་ཚད་ཡོད་ཀུང་སི། མཚོ་སྔོན་མཐོ་སྒང་ལྗང་མདོག་བདེ་སྲུང་རྫས་སྦྱོར་ཚད་ཡོད་ཀུང་སི། མཚོ་སྔོན་རུན་ཧའོ་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་སི་བཅས་ཀྱིས་ཞལ་འདེབས་གྲོས་ཆོད་བཞག ཐེངས་འདིའི་སྤྱི་ཕན་རང་བཞིན་གྱི་ཞལ་འདེབས་ལས་སྐྱེ་ཁམས་སྲུང་སྐྱོབ་དང་འཕྲོད་བསྟེན་བདེ་ཐང་ལས་དོན་ཟུང་འབྲེལ་ནུས་ལྡན་བྱས་ཏེ། སྔོན་ཐོན་གྱི་ལུས་ཕྱིའི་བརྟག་ཐབས་ཐོན་རྫས་འདོན་སྤྲོད་བྱས་པ་བརྒྱུད། ཞལ་འདེབས་དང་ལེན་ལས་ཁུངས་ཀྱི་ཞབས་ཞུའི་ཆུ་ཚད་དང་བརྟག་བཅོས་བྱེད་ནུས་ཇེ་མཐོར་གཏོང་བར་རོགས་ཤུགས་བཏོན་ལ། བརྟག་ཐབས་ཡང་དག་རང་བཞིན་ཇེ་མཐོར་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་སྒྲུབ་མཁན་དང་རིགས་སོ་སོའི་མང་ཚོགས་ཀྱིས་སྔར་ལས་བཟང་བའི་བདེ་ཐང་འགན་སྲུང་ལོངས་སུ་སྤྱོད་ཐུབ་པར་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།