“ཀྲུང་གོའི་བསྡོམས་རྩིས་སྒོ་འབྱེད་ཉིན་མོའི”བྱ་འགུལ་སྐབས་བཅུ་དྲུག་པ་ཀོས་ནན་རྫོང་དུ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

ཟླ9པའི་ཚེས19ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དུ“ཀྲུང་གོའི་བསྡོམས་རྩིས་སྒོ་འབྱེད་ཉིན་མོའི”བྱ་འགུལ་སྐབས་བཅུ་དྲུག་པ་དང་ཁུལ་ཡོངས་ཀྱི་སྟོན་དུས་ཀྱི་རྔ་བསྡུའི་ཚད་འཇལ་ལྟ་སྦྱོང་ཚོགས་འདུ་ལེགས་འགྲུབ་སྒོས་བསྡུས། དེའི་དམིགས་ཡུལ་ནི་ཐེངས་འདིའི་བྱ་འགུལ་བརྒྱུད་དེ། སྔར་ལས་ལྷག་པའི་སྒོ་ནས་བསྡོམས་རྩིས་བརྟག་དཔྱད་དང་། བསྡོམས་རྩིས་ལྟ་ཞིབ་ཚད་ལེན། བསྡོམས་རྩིས་ཞབས་ཞུ་སོགས་ཀྱི་བྱ་བ་ཇེ་ལེགས་སུ་བཏང་ནས། བསྡོམས་རྩིས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་ཕྱོད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་རེད།

རྒྱུས་ལོན་པ་ལྟར་ན། བྱ་འགུལ་གྱི་ཡུལ་དངོས་སུ་འབྲེལ་ཡོད་མི་སྣས་ཀོས་ནན་རྫོང་མང་ཆུ་གྲོང་རྡལ་ཤ་རྭ་སྡེ་བའི་ཐུན་མོང་མཉམ་ལས་ཁང་གི་ནས་འདེབས་པ་དང་ཞིང་ལས་ལག་རྩལ་ཁྱབ་གདལ་བཀོལ་སྤྱོད་དང་དེ་མིན་ས་བོན་བཟོ་སྐྲུན་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། གསར་དུ་བཟོ་བཅོས་བྱས་པའི་བསྡོམས་རྩིས་བཅའ་ཁྲིམས་དང་།    “ཡིད་རྟོན་གཞུང་དྲང་དང་ཁྲིམས་ལྟར་བསྡོམས་རྩིས”ལས་རིགས་ཀྱི་ཀུན་སྤྱོད་ཚད་གཞི་དང་ཞིང་ལས་རྟོག་ཞིབ་ཀྱི་འབྲེལ་ཡོད་བསྡོམས་རྩིས་བརྒྱུད་རིམ་བཅས་དྲིལ་བསྒྲགས་ངོ་སྤྲོད་བྱས་པ་དང་།  ནས་བསྡུ་བའི་ཡུལ་དངོས་སུ་ལྟ་ཞིབ་རྩ་འཛུགས་བྱས་ནས་བསྡོམས་རྩིས་བརྟག་དཔྱད་ཀྱི་ཤེས་རྟོགས་ཚད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ནུས་ལྡན་ངང་མཐོ་རུ་བཏང་།

ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་རྟོག་ཞིབ་སྤྱི་ཁྱབ་རུ་ཁག་གིས་བསྡོམས་རྩིས་རྟོག་ཞིབ་ཀྱི་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། བསྡོམས་རྩིས་བཅོས་སྒྱུར་འཕེལ་རྒྱས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ནུས་ཤུགས་ཡོད་རྒུས་བསྡོམས་རྩིས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་དང་བསྡོམས་རྩིས་ཞབས་ཞུའི་ཆུ་ཚད་དང་བསྡོམས་རྩིས་གཞི་གྲངས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་རུ་བཏང་། ཐེངས་འདིའི་བྱ་འགུལ་གྱིས་བསྡོམས་རྩིས་སྡེ་ཁག་དང་སྤྱི་ཚོགས་སྤྱི་མང་བར་འབྲེལ་གཏུག་བརྗེ་རེས་བྱེད་པའི་ཟམ་པ་བསྐྲུན་པ་མ་ཟད།   མང་ཚོགས་སྔར་ལས་མང་པོ་བསྡོམས་རྩིས་ནང་ཞུགས་པ་དང་བསྡོམས་རྩིས་ལ་རྒྱུས་ལོན་བྱེད་པ།    བསྡོམས་རྩིས་ལ་རྒྱབ་སྐྱོར་བཅས་བྱས་ཡོད། གོ་རིམ་རྗེས་མར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་རྟོག་ཞིབ་སྤྱི་ཁྱབ་རུ་ཁག་གིས་མུ་མཐུད་དུ་གཙོ་འགན་ལས་དོན་ལ་དམིགས་ནས་ཁྲིམས་ལྟར་བསྡོམས་རྩིས་དང་། ཚན་རིག་ལྟར་བསྡོམས་རྩིས་བྱེད་པ། བློ་རིག་ལྡན་པའི་བསྡོམས་རྩིས་བྱེད་པ། དམངས་ཀྱི་ཆེད་དུ་བསྡོམས་རྩིས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསྡོམས་རྩིས་ཀྱི་འགན་སྲུང་སྔར་ལས་བརྟན་པོ་འདོན་སྤྲོད་བྱ་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།