རང་རྒྱལ་གྱི་དངུལ་རྩའི་ལས་རིགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས22ཉིན་གྱི་ཕྱི་དྲོར། སྤུས་ཚད་མཐོ་བའི་སྒོ་ནས“‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’འཆར་འགོད་ལེགས་འགྲུབ་བྱེད་པའི”བརྗོད་དོན་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཤིང་། དངུལ་རྩའི་དོ་དམ་སྡེ་ཁག་གྱི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་རྒྱལ་གྱི་དངུལ་རྩའི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད།

 “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”སྐབས་སུ། རང་རྒྱལ་གྱི་དངུལ་རྩའི་སྒྲིག་སྲོལ་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ། རིགས་སྣ་ཆ་ཚང་བ་དང་འགྲན་རྩོད་ཆེ་བའི་དངུལ་རྩའི་ལས་ཁུངས་དང་། ཁྲོམ་ར། ཐོན་རྫས་བཅས་ཀྱི་མ་ལག་སྔར་ལས་འཐུས་སྒོ་ཚང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེན་ཁ་གོ་རིམ་ལྡན་པའི་ངང་སེལ་ཞིང་། དངུལ་རྩ་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རང་རྒྱལ་གྱི་དངུལ་རྩའི་ལས་རིགས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་བྱེད་ནུས་དང་ཤུགས་རྐྱེན་མངོན་གསལ་གྱིས་ཆེ་རུ་ཕྱིན།

ཀྲུང་གོའི་མི་དམངས་དངུལ་ཁང་གི་འགོ་གཙོ། ཕན་ཀུང་ཧྲིན་གྱིས་བཤད་རྒྱུར། ད་ལོའི་ཟླ6པའི་ཟླ་མཇུག་བར་ཀྲུང་གོའི་དངུལ་ཁང་ལས་རིགས་ཀྱི་སྤྱིའི་རྒྱུ་ནོར་སྒོར་རབ་བཀྲམ་ཆེན་མོ་བཞི་རབ་བཀྲམ་བདུན་ཙམ་ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། རྐང་འཛིན་དངུལ་ལོར་དང་བུན་འཛིན་ཁྲོམ་རའི་གཞི་ཁྱོན་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་ལ། ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་བསྟུད་མར་ལོ་ཉི་ཤུར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

 “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་དངུལ་རྩའི་ཞབས་ཞུ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ལོ་ལྔའི་རིང་དངུལ་ཁང་ལས་རིགས་ཀྱི་འགན་བཅོལ་ལས་རིགས་ཀྱིས་དངོས་གཞིའི་དཔལ་འབྱོར་ལ་མ་དངུལ་སྒོར་རབ་བཀྲམ་ཆེན་མོ་གཅིག་རབ་བཀྲམ་བདུན་གསར་སྣོན་བྱས་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་གཏོང་གནད་འཁེལ་ནུས་ལྡན་བྱུང་ཡོད་ལ། ཚན་རིག་ཞིབ་འཇུག་ལག་རྩལ་གྱི་སྐྱི་དངུལ་དང་བཟོ་སྐྲུན་ལས་རིགས་ཀྱི་དུས་ཡུན་འབྲིང་རིང་གི་སྐྱི་དངུལ་ཚང་མ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ཉི་ཤུ་ལས་བརྒལ་ཡོད།

རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་། ལི་ཡུན་ཙེ་ཡིས་བཤད་རྒྱུར། ཀུན་ཕན་ཅན་གྱི་ཁེ་ལས་ཆུང་གྲས་དང་ཐ་ཆུང་གྲས་ཀྱི་སྐྱི་དངུལ་ལྷག་འབོར་སྒོར་རབ་བཀྲམ་གསུམ་ཁྲག་ཆེན་དྲུག་ཡིན། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”མཇུག་གི་ལྡབ་གཉིས་དང་གྲངས་ཆུང་ཡིན་ལ། སྐྱེད་ཀའི་ཚད་བརྒྱ་ཆའི་གྲངས་གནས2མར་ཆག་ཡོད། དངུལ་རྩའི་ཞབས་ཞུའི་ཁྱབ་རྒྱ་མུ་མཐུད་ཆེ་རུ་བཏང་ནས། ཡུལ་ཚོ་ཚང་མར་དྲ་ཚིགས་ཡོད་པ་དང་སྡེ་བ་ཚང་མར་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས།

 “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རང་རྒྱལ་གྱིས་གྲུབ་ཚུལ་ལུགས་མཐུན་དང་བྱེད་ནུས་གསབ་རེས་ཀྱི་རིམ་པ་མང་བའི་རྐང་དབང་ཁྲོམ་ར་བརྟན་བརླིང་ངང་འཕེལ་རྒྱས་བཏང་ཡོད། ཉེ་བའི་ལོ་ལྔའི་རིང་། ཉོ་ཚོང་ཁྲོམ་རའི་རྐང་བུན་ཁྱོན་བསྡོམས་སྒོར་རབ་བཀྲམ་ལྔ་ཁྲག་ཆེན་བདུན་ཁྲག་ཁྲིག་ལྔ་ཟིན་ཡོད། ཐད་ཀར་མ་དངུལ་བསྡུ་སྒྲིལ་གྱི་བསྡུར་ཚད་བརྟན་བརླིང་ངང་འཕར་ནས། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་གནས་གཉིས་དང་གྲངས་ཆུང་བརྒྱད་མཐོ་རུ་ཕྱིན་ཏེ།  བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་དྲུག་ལ་སླེབས་པ་དང་། མ་རྩའི་ཁྲོམ་རའི“ཚན་རྩལ་འདུས་ཚད”སྔར་ལས་མཐོ་རུ་ཕྱིན་ཡོད།

ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཝུའུ་ཆིན་གྱིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། ཁྲོམ་འགྲེམ་ཁེ་ལས་གསར་པའི་ནང་བརྒྱ་ཆའི་དགུ་བཅུ་ཡན་ནི་ཚན་རྩལ་ཁེ་ལས་སམ་ཡང་ན་ཚན་རྩལ་འདུས་ཚད་ཅུང་མཐོ་བའི་ཁེ་ལས་ཡིན། མིག་སྔརAཅན་གྱི་རྐང་དངུལ་གྱི་ཚན་རྩལ་བསྡུར་ཚད་ནི་བཞི་ཆའི་གཅིག་ལས་བརྒལ་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”ཚུན་ལ། རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་འཁོར་སྐྱོད་སྔར་བས་བརྟན་བརླིང་ཡིན་ཞིང་།  ཕྱི་རྒྱལ་དངུལ་བརྗེས་གསོག་འཇོག་ཐོག་མཐའ་བར་གསུམ་དུ་ཨ་སྒོར་ཁྲག་ཆེན་གསུམ་ཡན་དུ་བརྟན་པོ་བྱུང་ནས། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དངུལ་རྩའི“བརྟན་ལྷིང་ཡོ་བྱད”དང“རྨང་རྡོའི”ནུས་པ་འདོན་སྤེལ་གང་ལེགས་བྱས།