
ཟླ9པའི་ཚེས16ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། ཡུས་ཧྲུའུ་ཁུལ་གྱིས་དམིགས་ཚིས་ཀྱི་དོ་ཁུར་གནད་དོན་ལ་དམིགས་ནས། མ་དངུལ་དང་ལས་གཞིར་བརྩོན་ལེན་བྱེད་ཚད་ཇེ་དྲག་ཏུ་བཏང་སྟེ། མིག་སྔའི་བར་དུ། བསྡོམས་པའི་ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི་སྣ་བཅུ་གཅིག་བརྩོན་ལེན་བྱས་ལ། བཏང་བའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ལ་སླེབས་པ་དང་། གཙོ་བོ་སློབ་གསོ་དང་སྨན་བཅོས། བུ་བཅོལ། ལུས་རྩལ་སོགས་གནད་འགག་གི་དམངས་ཚིས་ཁྱབ་ཁོངས་སུ་བཏང་།
སློབ་གསོའི་ཁྱབ་ཁོངས་སུ་ཡུས་ཧྲུའུ་ཁུལ་གྱིས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་གཉིས་ཁྲི་བདུན་ལེགས་འགྲུབ་སྒོས་བརྩོན་ལེན་བྱས་ཏེ། སློབ་སྔོན་དང་འོས་འགན་སློབ་གསོའི་སློབ་གྲྭའི་དགེ་རྒན་གྱི་འཁོར་རྒྱུག་ཉལ་ཁང་གི་ལས་གཞི་དང་། དེ་མིན་སྒོར་བྱེ་བ་དགུ་དང་ས་ཡ་གཅིག་འབུམ་ལྔ་བཏང་ནས་མཐོ་རིམ་སློབ་འབྲིང་བདུན་པའི་འཛུགས་སྐྲུན་ལས་གཞི་བརྩོན་ལེན་བྱས་ནས། སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ་སློབ་གསོའི་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། སྨན་བཅོས་ཐད་སྒོར་བྱེ་བ་གསུམ་གྱི་བོད་སྨན་ཁང་གི་ཁྱད་ལྡན་བརྟག་བཅོས་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་ལས་གཞི་བརྩོན་ལེན་བྱས་ནས། ཁྲི་འདུ་རྫོང་བོད་སྨན་ཁང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ། མང་ཚོགས་ཀྱི་ཐོབ་སྣང་ཇེ་དྲག་ཏུ་གཏོང་རྒྱུ་རེད། བུ་བཅོལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཐད། ཆུ་དམར་ལེབ་རྫོང་བཀྲ་ཤིས་སྡེ་ཁུལ་དང་ནང་ཆེན་རྫོང་ས་དམར་སྣ་སྡེ་ཁུལ་གྱི་བུ་བཅོལ་ཞབས་ཞུའི་ལས་ཁུངས་ལ་མ་དངུལ་སྒོར་ས་ཡ་དྲུག་བཏང་ནས། བྱིས་པ་ལྟ་སྐྱོང་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་རྨང་གཞི་བཟང་པོ་བཏིང་ཡོད། དེ་ལས་གཞན། མ་དངུལ་སྒོར་བྱེ་བ་གཅིག་གི་ཡུས་ཧྲུའུ་ཕྱི་རོལ་འགུལ་སྐྱོད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་སོགས་ལུས་རྩལ་ལས་གཞི་དང་། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔའི་འབྲི་སྟོད་རྫོང་གི་སྤྱི་པའི་སྦྱོང་བརྡར་རྟེན་གཞི་སོགས་སྦྱོང་བརྡར་ལས་གཞི། དེ་མིན་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་ལྔའི་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་ལས་ཁུངས་དང་པོའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་བརྩོན་ལེན་བྱས་པ་དང་། མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་རྩལ་ནུས་ལྡན་པའི་འཇོན་མི་སྐྱེད་སྲིང་བྱེད་པ། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་ནུས་པ་འདོན་སྤེལ་བྱས།
ཡུས་ཧྲུའུ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་གཞིའི་འཕེལ་རིམ་དང་རྗེས་འདེད་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། མ་དངུལ་བཀོལ་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། ལས་གཞི་སྔ་མོ་ནས་འགོ་རྩོམ་པ་དང་སྔ་མོ་ནས་ཐོན་སྐྱེད་བྱེད་པ། སྔ་མོ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ། ཡུས་ཧྲུའུ་ཁུལ་གྱི་མི་དམངས་མང་ཚོགས་ལ་སྔར་ལས་སྤུས་ལེགས་དང་སྟབས་བདེ། ཕན་ནུས་མཐོ་བའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱ་ཆེད་རེད།
ཤ་བོ་རིན་མཚོས་བསྒྱུར།