
ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་གི་ཁམས་གསོ་ལུས་རྩལ་འགྲན་སྡུར་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་བོད་སོག་ལུགས་གསོ་རིག་སྨན་ཁང་ནས་ཡོང་བའི་འཐུས་ཚབ་རུ་ཁག་བཅོ་བརྒྱད་འགྲན་སྡུར་ལ་ཞུགས།
འཐུས་ཚབ་རུ་ཁག་སོ་སོས་འཁྲབ་སྟོན་གྱི་རྣམ་པ་བརྒྱུད་དེ་བོད་ལུགས་གསོ་རིག་གི་ཁམས་གསོ་ལུས་རྩལ་རྨང་གཞིར་བྱས་ནས། མི་རིགས་ཀྱི་གླུ་གཞས་དང་ཞབས་བྲོ་མཉམ་བསྲེས་སྒོས་བོད་ལུགས་གསོ་རིག་གི་ཁམས་གསོ་ལུས་རྩལ་གྱི་རིག་གནས་འགུག་ཤུགས་མཚོན་པར་བྱས་པ་དང་། བོད་ལུགས་གསོ་རིག་གིས་ནད་མེད་ཚེ་སྲིང་གི་བདེ་ཐང་འདུ་ཤེས་དང་ལུས་རྩལ་མཉམ་བསྲེས་ཀྱི་ཐུན་མིན་ཁྱད་ཆོས་གང་ལེགས་སྒོས་མངོན་པར་བྱས།
ཐེངས་འདིའི་འགྲན་སྡུར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱ་འགུལ་དང་ཟུང་འབྲེལ་བྱས་ཤིང་། བོད་ལུགས་གསོ་རིག་གི་ཁམས་གསོའི་ཁྱད་ཆོས་མངོན་པ་དང་མི་རིགས་མཐུན་སྒྲིལ་གྱི་མཉམ་ཤུགས་གཅིག་བསྡུས་བྱེད་པ་བརྗོད་དོན་དུ་བྱས་ཡོད་ལ། ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བདེ་ཐང་ཀྲུང་གོའི་འགུལ་སྐྱོད་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་ཟབ་མོ་བྱེད་རྒྱུ་དམིགས་ཡུལ་དུ་བྱས་ཏེ། བོད་ལུགས་གསོ་རིག་གི་བདེ་ཐང་ཤེས་བྱ་ཁྱབ་གདལ་དུ་གཏོང་བར་སྐུལ་འདེད་བཏང་བར་མ་ཟད། ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིགས་སྨན་བཅོས་སྡེ་ཁག་ལ་རིག་གནས་འགྲེམས་སྟོན་དང་བརྗེ་རེས། ཕན་ཚུན་དཔྱད་གཞིར་འཛིན་པའི་སྟེགས་བུ་བཙུགས་ནས། མང་ཚོགས་ཀྱི་བོད་ལུགས་གསོ་རིག་གི་ཁམས་གསོ་འདུ་ཤེས་ཐད་ཀྱི་ངེས་ཤེས་དང་ངོས་འཛིན་ཇེ་དྲག་ཏུ་གཏོང་བ་དང་། ལུས་རྩལ་དང་གསོ་རིག་མཉམ་བསྲེས་ལ་སྐུལ་འདེད་བཏང་སྟེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་རིག་གནས་ཀྱི་སྒུལ་ཤུགས་ཆེན་པོ་བསྩལ།
འགྲན་སྡུར་ཁྲོད། འཐུས་ཚབ་རུ་ཁག་སོ་སོས་ལུས་ལ་གཅིག་གྱུར་གྱི་ལྭ་བ་གྱོན་ཞིང་སྙིང་སྟོབས་ཆེན་པོས་བོད་ལུགས་གསོ་རིག་གི་ཁམས་གསོ་ལུས་རྩལ་གྱི་རིག་གནས་ནང་སྙིང་དང་ལུས་རྩལ་སྦྱོང་བརྡར་གྱི་རིན་ཐང་མངོན་པར་བྱས། དཔྱད་འདེམས་པ་རྣམས་ཀྱིས་གོན་པ་དང་རུ་དབྱིབས། ཉམས་འགྱུར་སོགས་ཀྱི་ཐད་ནད་ཕྱོགས་བསྡུས་དཔྱད་བསྡུར་བྱས་ཤིང་། ཛ་དྲག་གི་འགྲན་སྡུར་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་རུ་ཁག་གི་ཨང་དང་པོ་ཐོབ་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་དང་ཁྲི་འདུ་རྫོང་བོད་སྨན་ཁང་ལ་རུ་ཁག་གི་ཨང་གཉིས་པ་ཐོབ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོག་བོད་ལུགས་སྨན་ཁང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་། ཀོས་ནན་རྫོང་བོད་སྨན་ཁང་བཅས་ལ་རུ་ཁག་གི་ཨང་གསུམ་པ་ཐོབ།
ལྷ་མོ་ཚེ་རིང་གིས་བསྒྱུར།