ད་ལོར་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཞུ་གཏུག་དང་ལེན་བྱས་ཚད་མར་ཆག་ཡོད།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ད་ལོར།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་གནད་དོན་གྱི་ཁྲིད་ཕྱོགས་དང་དམངས་ཚིས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  གཏིང་ཟབ་ངང་ཡུལ་སྐོར་ཁྲོམ་རའི་ལེགས་བཅོས་འགུལ་སྤྱོད་སྤེལ་བ་དང་།  ཡུལ་སྐོར་ཞུ་གཏུག་ནུས་མཐོའི་ངང་ཐག་གཅོད་བྱས་ནས་འགྲུལ་བའི་དཀའ་གནད་སེལ་ཏེ།  རྒྱུན་མཐུད་ངང་ཁྲོམ་རའི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས།  ཟླ8པའི་ཟླ་སྨད་དུ།  ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཞུ་གཏུག་ཐེར་འདོན་བྱས་པའི་གྱོད་དོན6185ཡོད་པ་དང་།  ན་ནིང་ལས་བརྒྱ་ཆའི17.9མར་ཆགས་ཡོད།  གྱོད་དོན5922ཙམ་ཐག་གཅོད་བྱས་ཏེ།  ཐག་གཅོད་ཚད་བརྒྱ་ཆའི96དུ་སླེབས་ཡོད།  ཁྱོན་བསྡོམས་མང་ཚོགས་ཀྱི་དངུལ་ས་ཡ་གཉིས་དང་འབུམ་དྲུག་ཁྲི་དྲུག་སྟོང་བརྒྱད་བཞི་བརྒྱ་ཙམ་གྱི་གྱོང་གུད་སེལ་ཐུབ་ཡོད་ལ།  ཞུ་གཏུག་ཐག་གཅོད་ནུས་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད།

མཚོ་སྔོན་རིག་གནས་ཡུལ་སྐོར་མ་ལག་ཀྱིས་སྦྲེལ་ཐག་ཧྲིལ་བོའི་བཅོས་སྐྱོང་སྒྲིག་གཞི་བཙུགས།  ཞུ་གཏུག་དང་ལེན་དང་གཞན་སྤྲོད།  ཐག་གཅོད།  བསམ་འཆར་བཅས་ཀྱི་གོ་རིམ་ཧྲིལ་བོའི་དོ་དམ་རྣམ་པ་བཙུགས་ནས།  རང་འགུལ་ངང12345སྲིད་དོན་ཞབས་ཞུའི་སྤྱི་སྟེགས་ལ་འབྲེལ་གཏུག་བྱས་ཏེ།  གྱོད་དོན་གྱི་གཞན་སྤྲོད་དང་ནུས་མཐོའི་ཐག་གཅོད།  བསམ་འཆར་བསྡུ་ལེན་བཅས་མངོན་འགྱུར་བྱས།  “ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ལྟ་སྐུལ་བྱེད་པ་དང་།  གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་སྤྱིའི་བཀོད་འདོམས་བྱེད་པ།  ཆུའུ་རིམ་པའི་ལག་བསྟར་བྱེད་པའི”རིམ་པ་གསུམ་གྱི་འགན་འཁྲིའི་མ་ལག་བཙུགས་ཏེ།  མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་འཛུགས་པར་སྐུལ་འདེད་བཏང་།  ཟི་ལིང་གིས་རིག་གནས་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་སྣེ་ཁྲིད་པའི་ཨང་རིམ་བགར་བའི་ལམ་ལུགས་དང་མདོག་གསུམ་རིམ་དབྱེའི་ལམ་ལུགས་གསར་གཏོད་བྱས་པ་དང་།  12345སྤྱི་སྟེགས་སུ་རིག་གནས་ཡུལ་སྐོར་གྱི་ཆེད་དོན་སྐུལ་ལམ་བཀོད་སྒྲིག་བྱས་ཏེ།  ཞུ་གཏུག་ཐག་གཅོད་ཀྱི་མྱུར་ཚད་མགྱོགས་པ་དང་དོན་འཁྱོལ་ཏན་ཏིག་བྱེད་པ་མངོན་འགྱུར་བྱུང་།

དེ་དང་མཉམ་དུ།  ཞུ་གཏུག་ཐེར་འདོན་གྱི་གཞི་གྲངས་དེ་ཕྱོགས་སྟོན་དཔྱད་ཆས་སུ་བཟུང་ནས།  གནད་ཁེལ་བཅོས་སྐྱོང་བྱ་ཐབས་མངོན་འགྱུར་བྱས།  གཅིག་བསྡུས་སྒོས་ཡུལ་སྐོར་ལས་དོན་ཁང་གི་མི་སྣར་ཁ་བརྡ་བྱས་ཏེ།   དྲིལ་བསྒྲགས་དང་གན་རྒྱ་འཇོག་པ་ཚད་ལྡན་དུ་བཏང་།  ཀན་སུའུ་ཞིང་ཆེན་རིག་གནས་ཡུལ་སྐོར་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་སོགས་དང་མཉམ་འབྲེལ་སྒོས་བྱེད་ཐབས་ཁག་བརྒྱད་ཁྱབ་བསྒྲགས་བྱས་ཏེ།  ཞིང་ཆེན་བརྒལ་བའི་རིག་གནས་ཡུལ་སྐོར་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས།  ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྦྲེལ་མཐུད་ནུས་པ་རིམ་འཕར་བྱེད་པར་སྐུལ་འདེད་བྱས་ནས།  ཞག་སྡོད་ཞབས་ཞུའི་སྤུས་ཚད་ལེགས་བསྒྱུར་བྱས།  ཡུལ་སྐོར་གཞུང་ལམ་གྱི་ལམ་ཐིག་དང་ལྗོངས་ཁུལ་གྱི་གསང་སྤྱོད་ཁང་།  རླངས་འཁོར་འཇོག་གནས་སོགས་སྒྲིག་ཆས་ཆ་ཚང་གི་དོ་དམ་དང་སྲུང་སྐྱོང་སྔར་བས་ནུས་ལྡན་དུ་བཏང་།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།