
ཟླ9པའི་ཚེས23ཉིན། མཐོ་སྒང་གི་ཐོན་རྫས་རྩ་ཆེན་གནམ་འོག་ཏུ་བཀྲམ་པ་ཞེས་པའི་མཚོ་སྔོན་གྱི་ཟོང་རྟགས་སྐམས་ཤ་དང་ལུག་ཤ་ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་གྲོས་མོལ་ཚོགས་འདུ་དང་རློན་ཟས་ལས་རིགས་མཁོ་སྤྲོད་ཕྲེང་འབྲེལ་གྱི་ཐག་གཅོད་ཇུས་གཞི་ཁྱབ་བསྒྲགས་ཚོགས་འདུ་ཟི་ལིང་དུ་བསྡུས།
མཚོ་སྔོན་གྱི་སྐམས་ཤ་དང་ལུག་ཤ་ས་ཁམས་གནས་ཡུལ་གྱི་དབང་གིས་འཕྲད་པའི་སྐྱེལ་འདྲེན་ལམ་ཐག་རིང་བ་དང་། དྲོད་ཚད་ཚོད་འཛིན་མཐོ་བ། མ་རྩ་ཆེ་བ་སོགས་ཀྱི་འགྲན་སློང་གི་མདུན་དུ། ཚོགས་འདུའི་སྟེང་མཚོ་སྔོན་ཧྲུན་ཧྥུན་མྱུར་སྐྱེལ་སྐྱེལ་འདྲེན་ཚད་ཡོད་ཀུང་སིས་མཚོ་སྔོན་གྱི་སྐམས་ཤའི་ཐོན་ལས་ཀྱི་ཁྱད་གཤིས་ལ་དམིགས་ཏེ། ཕན་ནུས་ཆེ་བའི་སྐྱེལ་འདྲེན་འགན་སྲུང་དང་ཞིབ་ཅིང་ཕྲ་བའི་མཛོད་ཉར་དོ་དམ། སྤུས་ལེགས་དང་སྡེབ་སྐྱེལ་བཅས་གཞི་གཅིག་ཏུ་འདུས་པའི་རིམ་སྤར་ཐག་གཅོད་ཇུས་གཞི་བསྐྲུན་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཇུས་གཞིའི་ནང་ས་གནས་ཀྱི་གསོ་སྤེལ་ཁེ་ལས་དང་མཉམ་ལས་ཁང་། ཞིང་བ་ཁྱིམ་ཚང་བཅས་མཉམ་འགུལ་གཏིང་ཟབ་བྱས་ནས། འགོ་ཁུངས་ནས་ཐོན་རྫས་ཀྱི་འགོག་སྲུང་བརྟན་པོ་བསྐྲུན་ནས་རོང་འབྲོག་པའི་ཡོང་སྒོའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་རོགས་རམ་བྱས་ཏེ། ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་བརྟན་པོ་བསྣན། ཧྲུན་ཧྥུན་སྡེ་ཚོགས་ཞིང་ལས་དམིགས་བསལ་ཚོང་ལས་ལས་གཞི་པུའུ་ཡི་སྤྱི་གཉེར་བ་གཞོན་པ་ཀུའོ་ཞང་པིན་གྱིས་བཤད་རྒྱུར། ཧྲུན་ཧྥུན་གྱིས“མཁའ་དབྱིངས་དྲ་བ་དང་ས་ངོས་དྲ་བ། ཆ་འཕྲིན་དྲ་བའི”ལངས་གཟུགས་སྐྱེལ་འདྲེན་དྲ་རྒྱ་བཙུགས་ཡོད་པ་དང་། འཁྱག་འབྲེལ་དང་གཞི་གྲངས་ཆེན་པོ་སོགས་ཚན་རྩལ་ལག་ཐབས་དང་ཟོག་འགྲེམས་ཁ་གསབ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། མཚོ་སྔོན་གྱི་ནོར་ལུག་གི་ཤ་དེ་འཛད་སྤྱོད་པའི་ཟས་མཆོག་དང་། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་གཙོ་བོ་དང་གྲོང་གསེབ་དར་སྤེལ་གྱི་མིང་བྱང་དུ་གྱུར་ཡོད།
མཚོ་སྔོན་ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མཱ་ཅེ་ཡིས་བཤད་རྒྱུར། ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ་ཡིས་མུ་མཐུད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྒྱལ་ཁབ་སྦྲགས་སྲིད་ཅུའུ་བཅས་ཀྱི་བྱ་བའི་བཀོད་སྒྲིག་ལྟར། ཞིང་ཆེན་ཡོངས་ཀྱི་སྐུར་སྐྱེལ་དང་ཁེ་ལས་ལ་ཁྲིད་སྟོན་ཧུར་ཐག་བྱས་ནས་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱེད་དགོས་ཟེར།
ཤ་བོ་རིན་མཚོས་བསྒྱུར།