
ཟླ9བའི་ཚེས23ཉིན། ཧྲང་ཧེ་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་མཉམ་འབྲེལ་སྒོས་ཟི་ལིང་དུ་སྒྲ་དང་བརྙན་གྱི་ཕུལ་བྱུང་བརྩམས་ཆོས་ཞལ་འདེབས་སུ་འབུལ་བའི་བྱེད་སྒོ་སྤེལ་བར་མ་ཟད། “སྒྲ་དང་བརྙན་གྱི་མཉམ་འབྲེལ་ཟབ་སྤེལ་བྱས་ཏེ། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བརྗོད”ཅེས་པ་བརྗོད་གཞི་ཡིན་པའི་ཧྲང་ཧེ་དང་མཚོ་སྔོན་གཉིས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་ཁྱབ་ཁོངས་ཀྱི་མཉམ་ལས་དང་སྤེལ་རེས་ཟབ་སྤེལ་བྱེད་པའི་བཞུགས་མོལ་གྲོས་ཚོགས་བསྡུས།
ཧྲང་ཧེ་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་གྲོས་འདོན་དང་རྩ་འཛུགས་འོག པེས་ལེས་པེས་ལེས་དང་། ཨའེ་ཆིས་ཡེས་སོགས་ཧྲང་ཧེ་ཡི་གཙོ་གནད་སྒྲ་བརྙན་སྤྱི་སྟེགས་དང་བརྙན་རིས་སྒྲིག་སྦྱོར་ལས་ཁུངས་ཀྱིས་ཧུར་ཐག་གིས་འགན་ལེན་བྱས་པ་དང་། ཁྱོན་བསྡོམས་ཕུལ་བྱུང་བརྩམས་ཆོས18བསྡུ་རུབ་བྱས་ཡོད་ལ། དེའི་ཁྲོད་བརྙན་འཕྲིན་ཟློས་གར12དང་དྲ་ལམ་དངོས་མཚོན་གློག་བརྙན6འདུས་ཡོད། ཧྲང་ཧེ་ཡིས་འགྲེམས་སྤེལ་བྱས་པའི་བརྩམས་ཆོས་འདི་དག་གི་བརྗོད་བྱ་སྣ་མང་དང་། སྒྲིག་སྦྱོར་ཕུལ་བྱུང་ཡིན་པར་མ་ཟད། དེའི་ནང་དུ་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་གློག་བརྙན་དང་། རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཚོན་པའི་བརྗོད་དོན་བརྩམས་ཆོས་འདུས་ཡོད། ཐེངས་འདིའི་ཧྲང་ཧེ་ཡིས་མཚོ་སྔོན་གྱི་ཕུལ་བྱུང་སྒྲ་བརྙན་བརྩམས་ཆོས་ཞལ་འདེབས་སུ་ཕུལ་བའི་འགུལ་སྤྱོད་ཀྱིས། ཧྲང་ཧེ་དང་མཚོ་སྔོན་ས་གནས་གཉིས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཐུན་མོང་གིས་སྦྲེལ་ཟམ་འཛུགས་པར་སྐུལ་འདེད་བཏང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྣན་པ་དང་། གསར་གཏོད་ཀྱི་བསམ་གཞིག་དང་རྩ་ཆེ་བའི་ཉམས་མྱོང་ཐོབ་དུ་བཅུག་ཡོད།
ཞལ་འདེབས་བྱེད་སྒོ་མཇུག་རྫོགས་རྗེས། ཧྲང་ཧེ་དང་མཚོ་སྔོན་གཉིས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་ཁྱབ་ཁོངས་ཀྱི་མཉམ་ལས་དང་བརྗེ་རེས་ཟབ་སྤེལ་བྱེད་པའི་བཞུགས་མོལ་གྲོས་ཚོགས་བསྡུས་པ་དང་། ཕྱོགས་གཉིས་ཀྱིས་སྒྲ་བརྙན་བརྩམས་ཆོས་ཀྱི་ནང་དོན་གསར་གཏོད་དང་ལེ་ཚན་གསར་གཏོད། ཆེད་ལས་མི་སྣ་གསོ་སྐྱོང་། ཐོན་ལས་མཉམ་ལས་ཀྱི་གཉེར་སྐྱོང་བཅས་དཀྱིལ་སྙིང་ཁྱབ་ཁོངས་བཞི་ནས་འགོ་བརྩམས་ཏེ། ས་གནས་གཉིས་ཀྱི་རོགས་སྐྱོར་མཉམ་ལས་ཀྱི་ཐོག་མའི་འདོད་བློར་གཏིང་ཟབ་པའི་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་སྒྲ་དང་བརྙན་གྱི་ལམ་ནས་ཀྲུང་གོའི་གཏམ་རྒྱུད་བརྗོད་པར་མ་ཟད་མཚོ་སྔོན་ཁྱབ་བསྒྲགས་བྱས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།