
ཟླ9པའི་ཚེས24ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང《མཚོ་སྔོན་ཞིང་ཆེན་གྱི་རྒན་པའི་ཁེ་དབང་འགན་སྲུང་སྲོལ་ཡིག》ལ་བཟོ་བཅོས་བྱས་ཏེ་གྲོས་འཆམ་བྱུང་དང་། 2025ལོའི་ཟླ12པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
《སྲོལ་ཡིག》ལ་བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་ང་ལྔ་ཡོད་པ་དང་། ཁྱིམ་ཚང་གསོ་སྐྱོང་དང་གཉོར་སྐྱོང་། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་ཞབས་ཞུ་དང་འཚོ་གནས་དང་འཚམ་པའི་ཁོར་ཡུག སྤྱི་ཚོགས་གཟིགས་སྐྱོང་། སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཞུགས་པ་སོགས་ཀྱི་ཐད་གཏན་འཁེལ་ཞིབ་ཕྲ་བྱས་ཡོད། དེའི་ནང་། ལྟ་སྐྱོང་གུང་གསེང་ལ་གཏན་འཁེལ་གསར་པ་བྱས་ཡོད་དེ། བུ་ཕྲུག་ཡོད་སའི་ལས་ཁུངས་ཀྱིས་སྨན་བཅོས་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་རྒན་པ་སྨན་ཁང་དུ་སྡོད་པའི་དཔང་ཡིག་གཞིར་བཟུང་ནས་བུ་ཁེར་སྐྱེས་ལ་ལོ་རེར་རིམ་རྩིས་བྱས་ན་ཉིན་ཉི་ཤུའི་ལྟ་སྐྱོང་གནང་བ་སྟེར་དགོས་པ་དང་། བུ་ཁེར་སྐྱེས་མིན་པ་ལ་ལོ་རེར་བསྡོམས་པས་ཉིན་བཅུའི་ལྟ་སྐྱོང་གནང་བ་ཡོད་པ་གཏན་ཁེལ་གསལ་བོ་བྱས་ཡོད།
སྤྱི་ཚོགས་འགན་སྲུང་ཐད། 《སྲོལ་ཡིག》གི་གཏན་འབེབས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཧྲིལ་ལོ་བདུན་ཅུ་ཡན་གྱི་རྒན་པར་གསབ་དངུལ་ལག་བསྟར་བྱེད་དགོས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་གཞིར་བཟུང་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱ་དགོས་ལ། དེ་དང་ཆབས་ཅིག རང་ཞིང་གིས་ཡུན་རིང་ལྟ་སྐྱོང་ཉེན་ཚབ་ལམ་ལུགས་བཙུགས་ནས་ཡུན་རིང་གི་བདག་སྐྱོང་འགན་སྲུང་བྱ་བ་རིམ་བཞིན་སྤེལ་ཏེ། རྒན་པའི་བདག་སྐྱོང་དགོས་མཁོར་འགན་སྲུང་བྱ་དགོས་པ་གཏན་ཁེལ་བྱས་ཡོད།
དེ་ལས་གཞན། 《སྲོལ་ཡིག》ནང་ད་དུང་སྤྱི་ཚོགས་ཀྱི་གཟིགས་སྐྱོང་དང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་བ་འཛུགས་པ། གཞི་རྩའི་རྒན་གསོའི་ཞབས་ཞུའི་རྩིས་ཐོ་འཐུས་ཚང་དུ་གཏོང་བ། སྨན་བཅོས་དང་གསོ་བཅོས་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་རྒན་གསོའི་ཞབས་ཞུའི་འདོན་སྤྲོད་རྣམ་པ་ཇེ་ལེགས་སུ་གཏོང་བའི་འབྲེལ་ཡོད་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གེགས་མེད་སྒྲིག་བཀོད་འཛུགས་སྐྲུན། ཁྱིམ་ཚང་རྒན་པ་འཚམ་པ་ལྟར་བསྒྱུར་བཅོས་བྱེད་པ། མི་ཐབས་རིག་ནུས་བཀོལ་སྤྱོད་སོགས་ཀྱི་ཐད་ནས་རྒན་པར་འཚམ་པའི་ཁོར་ཡུག་བསྐྲུན་པ་བཅས་ཀྱི་ཐད་བླང་བྱ་གསལ་བོ་བཏོན་ཡོད།
ཤ་བོ་རིན་མཚོས་བསྒྱུར།