
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་དྲུག་འཁོར་བར་རྟེན་འབྲེལ་ཞུ་བ་དང་། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འགན་འཁུར་རྒྱུར་སྣེ་ཁྲིད་བྱ་ཆེད། ཟླ9པའི་ཚེས24ཉིན། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་ན་གཞོན་བསམ་བློའི་ཆབ་སྲིད་སློབ་ཁྲིད“ཁེ་ལས་དང་མཐོ་རིམ་སློབ་གྲྭ། གཞི་རིམ་བཅས་སུ་བསྐྱོད་པའི”ཞིང་ཆེན་རིམ་པའི་དཔེ་སྟོན་བྱ་འགུལ་སྤེལ།
ཐེངས་འདིའི་ན་གཞོན་བསམ་བློའི་སློབ་ཁྲིད་ཀྱིས་ད་ལོའི་ཞིང་ཆེན་ཡོངས་ཀྱི་ན་གཞོན་གཞུང་ལུགས་སྒྲོག་སྤེལ་འགྲན་སྡུར་ཆེན་མོའི་ཕུལ་བྱུང་བརྩམས་ཆོས་གཅིག་ཏུ་བསྡུས་ཡོད་པ་དང་། ན་གཞོན་རྣམས་དགའ་བ་དང་ཁོ་ཚོས་དང་ལེན་བྱེད་སླ་བའི་རྣམ་པ་བརྒྱུད་དེ། ཏང་གི་གསར་གཏོད་གཞུང་ལུགས་གསོན་ཉམས་དོད་པོས་བརྒྱུད་སྒྲོག་བྱས་པ་དང་། ཡར་བརྩོན་ལེགས་ཕྱོགས་ཀྱི་དྲང་ནུས་དར་སྤེལ་གཏོང་བ། རྒྱ་ཆེའི་ན་གཞོན་ཚོས་དད་མོས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་སྤོབས་པ་ཆེན་པོས་དུས་རབས་ཀྱི་ལས་འགན་ལྕི་མོ་འཁུར་རྒྱུར་སྐུལ་ཁྲིད་བྱས། དེའི་ཁྲོད། 《ཀྲུང་གོའི་ས་གཞི་ཆེན་པོ་རུ་འབྱོར་ཐོ་འགོད་པ》དང《ལང་ཚོའི་ཀྲུང་གོའི་ཕུགས་འདུན》སོགས་བརྩམས་ཆོས་ཀྱིས་ཟུར་སྣ་མང་པོ་ནས་གཞོན་རབས་པའི་རྒྱལ་གཅེས་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད། 《འདམ་རྫབ་ཀྱི་ལམ་ཆུང་ནས་གཞི་གྲངས་ཆེན་པོའི་ལམ་ཆེན་བར་ཏེ་ཕ་ཡུལ་དུ་ཕྱིར་ལོག་པའི་ན་གཞོན་ཞིག་གི་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ》ཞེས་པས་ཉམས་མྱོང་དངོས་བརྒྱུད་དེ། ན་གཞོན་རྣམས་གཞི་རིམ་དུ་རྩ་བ་ཚུགས་ནས་གྲོང་གསེབ་དར་སྤེལ་ལ་ཞུགས་པའི་འབད་འཐབ་གཏམ་རྒྱུད་བརྗོད་ཡོད། 《དགུ་གཅིག་བརྒྱད་ཀྱི་དོན་རྐྱེན་ལ་རྗེས་དྲན་བྱེད་པ་སྟེ། འཇར་འགོག་དམག་འཁྲུག་ལ་གུས་བཀུར་ཞུ》ཞེས་པས་ལོ་རྒྱུས་མེ་ལོང་དུ་བརྩིས་ནས། ན་གཞོན་རྣམས་ལ་ཐུན་མོང་མ་ཡིན་པའི་ལོ་ཟླ་བློ་ལ་བརྟན་པོར་ངེས་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པའི་བློ་སྒོ་ཕྱེ་ཡོད། 《“ང”དང་རབ་མཛེས་མཚོ་སྔོན་གྱི“ཕྱོགས་གཉིས་མཉམ་སྐྱོད”》ཅེས་པའི་ནང་ན་གཞོན་རྣམས་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་སོགས་ལྟེ་བའི་ལས་འགན་གྱི་འགན་འཁྲི་གཙོ་བོའི་ཁྲོད་ཟབ་ཞུགས་བྱས་ནས། རྒྱ་ཆེའི་ན་གཞོན་རྣམས་ལ་ཡིད་ཆེས་བརྟན་པོ་ཡོང་བ་དང་། དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་སྤོབས་པ་སྔར་ལས་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཁྲོད་ཞུགས་རྒྱུར་སྐུལ་མ་བཏང་ཡོད། མི་འགྱངས་པར་སྤུས་ལེགས་ཀྱི་བསམ་བློའི་ཆབ་སྲིད་སློབ་ཁྲིད་དེ་དག་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་སུ་སྤེལ་ནས། བསམ་བློའི་ས་བོན་མུ་མཐུད་དུ་གཏོར་ཏེ་ལང་ཚོའི་དྲང་ནུས་བསྐྱེད་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་ན་གཞོན་གྱི་བསམ་བློའི་ཆབ་སྲིད་སློབ་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་གཞུང་ལུགས་སྒྲོག་འགྲེལ་དང་། ན་གཞོན་གྱི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཁེ་ལས་ཀྱི་འཁོར་ཁང་དང་སློབ་གྲྭའི་སློབ་ཁྲིད། གཞི་རིམ་གྱི་ལས་ཡུལ་དང་པོ་བཅས་སུ་བསྐྱལ་བ་དང་། ན་གཞོན་གྱི་སྐད་སྒྲར་བརྟེན་ནས་ཏང་གི་གསར་གཏོད་གཞུང་ལུགས་དེ་ན་གཞོན་གྱི་སེམས་སུ་རྩ་བ་ཚུགས་པ་དང་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་ཡོད།
ཤ་བོ་རིན་མཚོས་བསྒྱུར།