མཚོ་བྱང་ཁུལ་གྱི་ཞིང་ལས་ཐོན་རྫས་ཉེར་གཉིས་རྒྱལ་ཡོངས་ཀྱི་གྲགས་ཁྱད་ལེགས་གསར་གྱི་མིང་ཐོའི་ཁྲོད་ཚུད།
ཁུངས། ཀློག་གྲངས། 18

ཟླ9ཚེས24ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཞིང་ལས་ཞིང་སྡེ་པུའུ་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི2025ལོའི་སྐོར་ཐེངས་གཉིས་པའི་རྒྱལ་ཡོངས་ཀྱི་གྲགས་ཁྱད་ལེགས་གསར་གྱི་ཞིང་ལས་ཐོན་རྫས་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་བྱང་ཁུལ་གྱིས་རེ་ཞུ་བྱས་པའི་ཞིང་ལས་ཐོན་རྫས22བདེ་བླག་ངང་མིང་ཐོའི་ཁྲོད་ཚུད་པས། མཚོ་སྔོན་ཞིང་ཆེན་གྱི་ཐེངས་འདིའི་མིང་ཐོའི་ཁྲོད་ཚུད་པའི་སྤྱི་གྲངས་ཀྱི75.9%ཟིན་ཡོད། 

ཐེངས་འདིར་བདམས་ཐོན་བྱུང་བའི་ཐོན་རྫས་ཀྱི་ཁྱབ་རྒྱ་ཆེ་བ་དང་། ཁྱད་ཆོས་མངོན་གསལ་ཡིན་ལ། བོད་ལུག་དང་ནོར་གནག ནས་འབྲུ། ལོག་དཀར་སོགས་མཚོ་བྱང་ཁུལ་གྱི་གཙོ་གཉེར་ཐོན་ལས་ཆེན་པོ་ལྔ་ཚུད་ཡོད་ཅིང་། གྲོ་མ་དང་སྤེན་མ་ནག་པོ། ཤྭ་བ་སེར་ཆེན་སོགས་དང་འབྲེལ་བའི་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་རིགས་ཀྱང་ཚུད་ཡོད། རེ་ཞུ་བྱ་བར་མཚོ་བྱང་ཁུལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དབྱེ་ཞིབ་རྣམ་གྲངས་ཀྱིས་འདེགས་སྐྱོར་བྱེད་པ་དང་། “5+8+N”ཁྱད་ལྡན་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱིའི་གཞི་འཛིན་སར་བྱས་ཏེ། མཚོ་བྱང་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡིས་སྣེ་ཁྲིད་ནས་སྤེལ་བ་རེད། བྱ་བའི་ཚོགས་པ་རྣང་ཞིང་གི་བར་དང་གསོ་སྤེལ་རྟེན་གཞིར་སོང་ནས་རྩད་གཅོད་བྱས་ཏེ། “སྤུས་ཚད་སྔོན་ལ་འཇོག་པ་དང་ཁྱད་ཆོས་གཙོ་བོར་འཛིན་པའི”རྩ་དོན་ལ་བརྩི་སྲུང་བྱས་ནས་ཐོན་རྫས་འདེམས་པ་མ་ཟད། བྲོ་བ་མྱངས་ནས་དཔྱད་དཔོག་དང་། དམིགས་བསལ་གྱི་གྲུབ་ཆ་ཚད་འཇལ་བྱེད་པ། འཚོ་བཅུད་དམིགས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱེད་པ་སོགས་བརྒྱུད་ནས་གཞི་གྲངས་སྤྱད་དེ་མཐོ་སྒང་གི་ཐོན་དངོས་རིན་ཐང་ཚད་འབེབས་བྱས།

མིག་སྔའི་བར་དུ། མཚོ་བྱང་ཁུལ་ལ་བསྡོམས་པས་རྒྱལ་ཡོངས་ཀྱི་གྲགས་ཁྱད་ལེགས་གསར་གྱི་མིང་ཐོའི་ཁྲོད་ཚུད་པའི་ཞིང་ལས་ཐོན་རྫས་ཉེར་བཞི་ཡོད་ལ། མདོ་ལ་རྫོང་ལ་དགུ་དང་། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ལ་བརྒྱད། རྐང་ཚ་རྫོང་ལ་བཞི། མདའ་བཞི་རྫོང་ལ་གསུམ་བཅས་ཡོད། ཐེངས་འདིར་བདམས་ཐོན་བྱུང་བ་ལས་མཚོ་བྱང་གི་ཞིང་ལས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་རྒྱ་བསྐྱེད་པ་དང་། ཟུར་སྣོན་རིན་ཐང་མཐོར་འདེགས་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་ཤུགས་འདོན་ཐུབ་ངེས།

ཤ་བོ་གསེར་མཚོས་བསྒྱུར།