《མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་སྐོར་སྐྱོད་ཞིབ་བཤེར་བྱ་བའི་སྒྲིག་སྲོལ》གཏན་འབེབས་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ9པའི་ཚེས26ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་སྐོར་སྐྱོད་ཀྱི་ཞིབ་བཤེར་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།  ཟླ9པའི་ཚེས26ཉིན།  ཞིང་ཆེན་ཞིབ་དཔྱོད་ཁང་གིས《མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་སྐོར་སྐྱོད་ཞིབ་བཤེར་བྱ་བའི་སྒྲིག་སྲོལ(ཚོད་ལེན)》ཞེས་པ་གཏན་འབེབས་བྱས་ཏེ་པར་འགྲེམ་བྱས།  དེ་ནི་ལམ་ལུགས་ཀྱི་གྲུབ་འབྲས་དང་ཉམས་མྱོང་། བྱེད་ཐབས་བཅས་ཕྱོགས་སྡོམ་བྱེད་པ་དང་།  སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་སྐོར་སྐྱོད་ཀྱི་ཞིབ་བཤེར་ཚད་ལྡན་དང་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་ཆེད་ཡིན་ལ། རྒྱལ་ཁབ་སྤྱི་གླིང་དོ་དམ་ལམ་ལུགས་དང་མཐུན་སྦྱོར་བྱེད་པར་ཁྲིམས་ལུགས་ཀྱི་ལྟ་སྐུལ་རྐྱེན་སྲོལ་བཙུགས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་ཆེད་ཡིན།

མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་གལ་ཆེན་ཞིག་ཡིན་ལ། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་གོ་གནས་གལ་ཆེན་ལྡན། 2022ལོ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ཆབ་སྲིད་དགོངས་པ་གཏིང་ཟབ་ངང་ལག་བསྟར་བྱས་ཏེ།  རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཁྲོད་སྔོན་ལ་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་སྐོར་སྐྱོད་ཀྱི་ཞིབ་དཔྱོད་བྱ་བ་སྤེལ་བ་དང་།  མཚོ་སྔོན་གྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི།  “སྲིད་འཛིན་ས་ཁོངས་ལས་བརྒལ་བ་དང་།  སྡེ་ཁག་གི་ལྟ་སྐུལ་དོ་དམ་ལས་བརྒལ་བ།  འབབ་རྒྱུད་བཅོས་སྐྱོང་ལས་བརྒལ་བ”བཅས་ཀྱི་སྐྱེ་ཁམས་ཁོར་སྲུང་གནད་དོན་དམིགས་འབེན་དུ་བྱས་ཏེ།  རིམ་བཞིན“ཞིང་ཆེན་རིམ་པའི་སྤྱིའི་བཀོད་འདོམས་དང་།  ཆེད་དམིགས་ཞིབ་དཔྱོད་ཁང་གི་སྣེ་ཁྲིད།  ས་གནས་དང་མཉམ་ལས་བྱེད་པ།  ས་ཁོངས་དང་མཉམ་འགུལ་བྱེད་པ།  ཚན་རྩལ་གྱིས་སྟོབས་ཤུགས་འབུལ་བ།  ཕྱོགས་སོ་སོའི་ཐུན་མོང་བཅོས་སྐྱོང་བྱེད་པ”བཅས་ཀྱི་སྐོར་སྐྱོད་ཞིབ་དཔྱོད་མ་ལག་གྲུབ་པར་བྱས་ནས།  མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཕན་ཞུ་གཏུག་ལ་ཁྲིམས་ལུགས་ཀྱིས་ལྟ་སྐུལ་དང་དོ་དམ་བྱེད་པའི་ལམ་ཐིག་ཏུ་བསྐྱོད།

ཐེངས་འདིའི《སྒྲིག་སྲོལ》ལ་སྤྱིའི་ཆ་ནས་ལེའུ་དང་དོན་ཚན་གྱི་རྣམ་པ་སྤྱད་ཡོད་ལ།  སྤྱིའི་རྩ་དོན་དང་ཞིབ་སྲོལ་རྩ་དོན།  ཞར་བྱུང་རྩ་དོན་བཅས་ལེའུ་གསུམ་ཡོད་པ་དང་།  ཁྱོན་བསྡོམས་དོན་ཚན41ཡོད།  སྒྲིག་སྲོལ་ལས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལོ་གསུམ་རིང་གི་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་སྐོར་སྐྱོད་ཀྱི་ཞིབ་བཤེར་བྱ་བ་སྤེལ་བའི་ལག་ལེན་དང་ཉམས་མྱོང་ལམ་ལུགས་ཀྱི་རྣམ་པར་གཏན་ཁེལ་བྱས་ཡོད་ལ།  སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་ཞིབ་བཤེར་གྱི་གོ་དོན་དང་སྐོར་སྐྱོད་ཞིབ་བཤེར་སྤེལ་བའི་སྤྱིའི་གཙོ་གཟུགས་དང་ཁྱབ་ཁོངས་ཁ་གསལ་དུ་བཏང་ཡོད།  གཞུང་ཕྱོགས་དང་འཕྲེད་ཕྱོགས་ཀྱི་གཅིག་ལྕོག་རྣམ་པའི་གྱོད་སྒྲུབ་ལམ་ལུགས་དང་གཞོག་འདེགས་མཉམ་ལས་ཀྱི་འགན་འཁྲི་གཏན་ཁེལ་བྱེད་པ་དང་།  རྨང་གཞི་བྱ་བའི་གོ་རིམ་ཞིབ་ཚགས་ཅན་དུ་གཏོང་བ།  ཤེས་རྟོགས་བྱུང་བའི་ཁུངས་སྣེ་ཡི་རྩིས་སྤྲོད་གོ་རིམ་དང་ཐག་གཅོད་བྱེད་ཐབས་གཅིག་གྱུར་བྱེད་པ་བཅས་བྱས་ནས།  བྱ་བའི་ཚད་ལྡན་རང་བཞིན་དང་གོ་རིམ་རང་བཞིན།  ནུས་ལྡན་རང་བཞིན་བཅས་ལ་ཤུགས་སྣོན་བྱས་པ་དང་།  སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་སྐོར་སྐྱོད་ཀྱི་ཞིབ་བཤེར་ལ་ཁྲིམས་ལུགས་ཀྱིས་ལྟ་སྐུལ་བྱེད་པའི་འགན་ནུས་འདོན་སྤེལ་གང་ལེགས་བྱས།

དེ་མིན།  གྲོས་ཚོགས་སྟེང་མཚོ་སྔོན་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་སྤྱི་ཕན་ཞུ་གཏུག《གྱོད་སྒྲུབ་ཕྱོགས་སྟོན》ཞེས་པ་ཁྱབ་བསྒྲགས་བྱས།  ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལུགས་ལ་གོ་བ་ལེན་ཤེས་པ་དང་།  གོ་རིམ་ཁོང་དུ་ཆུད་པར་བྱེད་པ།  བདེན་དཔང་ཚད་ལྡན་ཡིན་པ།  འགན་འཁྲི་ངོས་ལེན་བྱེད་པ་སོགས་ཀྱི་དཀའ་ཁག་ལ་དམིགས་ཏེ།  འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྤྱི་ཕན་ཞུ་གཏུག་གྱོད་སྒྲུབ་བྱ་བ་གཅིག་གྱུར་དང་ཚད་ལྡན་དུ་བཏང་ནས།  འབྲེལ་ཡོད་གྱོད་གཞིའི་དོན་གཉེར་ལས་ཕྱོད་མཐོར་འདེགས་བཏང་། 

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།