
ཉེ་ལམ། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མིན་ཚའོ་སྐྱེ་ཁམས་ཁོར་ཡུག་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སིའི་བར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དང་། དེས་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་དེ་སྲིད་ཁེ་མཉམ་ལས་དང་ཚན་རྩལ་གསར་སྐྲུན་གྱི་བྱེད་ཐབས་བརྒྱུད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་མཚོན།
ཐེངས་འདིའི་འཐབ་ཇུས་མཉམ་ལས་ནི་རང་ཞིང་གིས་སྤྱི་ཚོགས་མ་རྩ་སྐྱེ་ཁམས་བཅོས་སྐྱོང་ཁྲོད་ཞུགས་པའི་ལག་ལེན་གལ་ཆེན་ཞིག་ཡིན། གྲོས་མཐུན་ལྟར་ཕྱོགས་གཉིས་ཀྱིས་མིན་ཚའོ་སྐྱེ་ཁམས་ཁོར་ཡུག་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སིའི་རྩྭ་སོན་དང་རྩྭའི་ཐོན་ལས་ལག་རྩལ་གསར་གཏོད་ཀྱི་དགེ་མཚན་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་དགེ་མཚན་དང་། ཁུལ་ཁོངས་ཁྱད་ཆོས་དང་འཕེལ་རྒྱས་སྦས་ཤུགས་ལ་རྐང་བཙུགས་ཏེ། བྱེ་ཐང་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན། རྩྭ་ཐང་སྲུང་སྐྱོབ་བེད་སྤྱོད། བརླན་ས་སྲུང་སྐྱོབ་སླར་གསོ། གཏེར་རའི་སྐྱེ་ཁམས་ཞིག་གསོ་སོགས་ཁྱབ་ཁོངས་སུ་མཉམ་འབྲེལ་སྒོས་ཚན་རིག་ཞིབ་འཇུག་བྱ་བ་སྤེལ་ནས། ཚན་ཞིབ་གྲུབ་འབྲས་ཚུལ་སྒྱུར་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་རེད། དེ་དང་མཉམ་དུ། ལག་རྩལ་བརྗེ་རེས་བྱས་པ་བརྒྱུད་དེ་ཕན་ཚུན་སྐུལ་སྤེལ་གྱི་ནང་རྐྱེན་བཟང་བོ་འཛུགས་པ་དང་། ཚན་རྩལ་གསར་གཏོད་ཀྱི་བྱེད་ནུས་སྐུལ་སློང་བྱེད་པ། རྩྭ་ཐང་སྲུང་སྐྱོང་ཞིག་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་པ་བཅས་བྱས་ཏེ། རྩྭ་ཐང་ལུགས་མཐུན་སྒོས་བེད་སྤྱོད་པར་སྐུལ་སྤེལ་བྱེད་རྒྱུ་རེད།
ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་དང་བྱེ་ཐང་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་ཤུགས་བཏོན་ནས་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་དང་མཉམ་ལས་ཟབ་མོ་བྱས། མིན་ཚའོ་སྐྱེ་ཁམས་ཁོར་ཡུག་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སི་རྒྱལ་ནང་གི་སྐྱེ་ཁམས་ཞིག་གསོའི་ཁྱབ་ཁོངས་ཀྱི་ཁེ་ལས་གཙོ་བོ་ཡིན་པའི་ཆ་ནས། རྩྭ་ཐང་གི་སྐྱེ་ཁམས་ཞིག་གསོ་སོགས་ཁྱབ་ཁོངས་གཙོ་བོར་ལག་རྩལ་མ་ལག་དང་ལག་ལེན་གྱི་རྣམ་པ་བཟང་བོ་གྲུབ་པར་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་གི་ལས་གཞི་གཙོ་བོ་མང་པོ་བསྒྲུབས། ཕྱོགས་གཉིས་ཀྱིས་ཐེངས་འདིའི་མཉམ་ལས་གོ་སྐབས་སུ་བྱས་ཏེ། ཁེ་ལས་ཀྱི་འཇོན་མི་དང་ཚན་རིག་ཞིབ་འཇུག ལག་རྩལ། ཐོན་རྫས་གསར་པ། སྒྲིག་ཆས་གསར་པ་སོགས་ཕྱོགས་ཀྱི་དགེ་མཚན་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁུལ་ཁོངས་མི་འདྲ་བའི་ཞིག་གསོའི་དགོས་མཁོ་དང་ཟུང་འབྲེལ་གྱིས་གོ་རིམ་ཧྲིལ་བོའི་ཐག་གཅོད་ཇུས་གཞི་བཏོན་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཞིག་གསོ་བཟོ་སྐྲུན་ཐད་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།