
ཟླ9པའི་ཚེས30ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་མཁར་གྲོང་གི་དཀའ་ཁག་ཡོད་པའི་མང་ཚོགས་ལ་ཉིས་སྟོང་ཉེར་ལྔ་ལོའི་དགུན་དུས་ཀྱི་དྲོད་འདོན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་གཉིས་བྱིན་པ་དང་། མཁར་གྲོང་གི་དཀའ་ཁག་ཡོད་པའི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་དྲུག་སྟོང་བདུན་བཞི་བརྒྱ་ལ་ཕན་བཏགས། མིག་སྔར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་དྲོད་འདོན་རོགས་སྐྱོབ་མ་དངུལ་སྟེར་བའི་བྱ་བ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་ཡོད་པ་དང་། ཞིང་ཆེན་དམངས་སྲིད་ཐིན་གྱིས་ས་ཁུལ་སོ་སོས་དྲོད་འདོན་རོགས་སྐྱོབ་བྱས་རྗེས་སྔར་བཞིན་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་དུས་ལྟར་གནས་སྐབས་རོགས་སྐྱོབ་བྱས་ཏེ་དཀའ་ཁག་ཐག་གཅོད་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་བྱ་བའི་སྐོར་གྱི་འབྲེལ་ཡོད་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། དཀའ་ཁག་ཡོད་པའི་མང་ཚོགས་ཀྱིས་དྲོད་སྐྱིད་ལྡན་ཞིང་བདེ་འཇགས་ཀྱི་དགུན་ཁ་ཞིག་རོལ་བར་འགན་སྲུང་བྱེད་ཆེད། ཞིང་ཆེན་དམངས་སྲིད་ཐིན་གྱིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་གཟིགས་སྐྱོང་བྱ་ཡུལ་ལ་ལོ་རེར་ཁྱིམ་ཚང་རེར་སྒོར་སྟོང་གཅིག་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་ཞིང་སྡེའི་དཀའ་ཁག་ཆེ་བའི་གཟིགས་སྐྱོང་བྱ་ཡུལ་ལ་ལོ་རེར་ཁྱིམ་ཚང་རེར་སྒོར་བརྒྱད་བརྒྱའི་ཚད་གཞི་ལྟར། 2025ལོའི་དགུན་དུས་ཀྱི་དྲོད་འདོན་རོགས་སྐྱོར་མ་དངུལ་བྱིན། རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་བདུན་ལོར་མཁར་གྲོང་ཡོངས་ལ་ཁེབས་པའི་དགུན་དུས་ཀྱི་དྲོད་འདོན་རོགས་སྐྱོབ་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་ནས་བཟུང་། བསྡོམས་པས་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་དཀའ་ཁག་ཆེ་བའི་གཟིགས་སྐྱོང་བྱ་ཡུལ་གྱི་ཁྱིམ་ཚང་ས་ཡ་གཅིག་དང་འབུམ་བཞི་ཁྲི་བདུན་སྟོང་གཅིག་བདུན་བརྒྱ་ལ་དྲོད་འདོན་རོགས་སྐྱོབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་གཉིས་བྱིན།
ལྷ་མོ་ཚེ་རིང་གིས་བསྒྱུར།