
ཟླ10པའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་སྟོན་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་ཆེད། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ཆེད་མཁས་པའི་མཛུབ་སྟོན་ཞབས་ཞུ་དང་ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར་གྱི་བྱེད་ཐབས་གཙོ་བོ་གཉིས་སྤྱད་དེ། ཁེ་ལས་ཀྱི་གཙོ་གཞིའི་ནུས་པ་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་ཕྱོགས་ཡོངས་ནས་ཇེ་དམ་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱས།
ཆེད་མཁས་པའི་མཛུབ་སྟོན་ཞབས་ཞུས་གནད་འཁེལ་ཟབ་ཞུགས་ཁྲིད་སྟོན་དུ་བྱས་ནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཟི་ལིང་གྲོང་ཁྱེར་སོགས་ས་ཁུལ་གཙོ་བོ་དང་གནད་འགག་ཁེ་ལས་ལ་ཁ་གཏད་དེ་བདེ་འཇགས་དོ་དམ་ལམ་ལུགས་དང་འཕྲལ་བསྟུན་སྔོན་ཇུས་སོགས་རྒྱུ་ཆ་ལྟ་ཀློག་བྱས་པར་མ་ཟད། འཁོར་ཁང་དང་མཛོད་ཁང་། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་གསོག་འཇོག་བྱེད་ས་སོགས་གནས་གཙོ་བོར་ཟབ་ཞུགས་བྱས་ནས། སྒྲིག་ཆས་བདེ་འཇགས་འཁོར་སྐྱོད་དང་ལས་སྒྲུབ་སྒྲིག་སྲོལ་ལག་བསྟར། ཉེན་ཁའི་འབྱུང་ཁུངས་ཀྱི་དོ་དམ་ཚོད་འཛིན་སོགས་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས། ཤེས་རྟོགས་བྱུང་བའི་གནད་དོན་དང་མངོན་མེད་རྐྱེན་ངན་ལ་ཆེད་མཁས་པ་རྣམས་ཀྱིས་ཡུལ་དངོས་ནས་ཁེ་ལས་ལ་གནད་དོན་ཕྱིར་ལྡོག་བྱས་པར་མ་ཟད། ཆེད་ལས་དང་ལག་བསྟར་བྱེད་ཆོག་པའི་དག་ཐེར་བཅོས་སྐྱོང་གི་གྲོས་གཞི་དང་། ལག་རྩལ་མཛུབ་སྟོན་འདོན་སྤྲོད་བྱས་ནས། ཁེ་ལས་ཀྱིས་དག་ཐེར་བཅོས་སྐྱོང་གི་ཇུས་གཞི་གཏན་འབེབས་བྱས་ཏེ་མངོན་མེད་རྐྱེན་ངན་དུས་ལྟར་སེལ་བར་རོགས་འདེགས་བྱས། ཆེད་མཁས་པས་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་པ་དང་ཁེ་ལས་ཀྱིས་དག་ཐེར་བཅོས་སྐྱོང་དམ་འཛིན་བྱེད་པ། སྡེ་ཁག་གིས་དོན་འཁྱོལ་ཐད་ལྟ་སྐུལ་བྱེད་པ་བཅས་ཀྱི་བྱེད་ཐབས་བརྒྱུད་དེ། ལྟ་སྐུལ་དོ་དམ་ནུས་ཤུགས་མཐོར་འདེགས་བཏང་ཞིང། ཁེ་ལས་རང་སྟེང་གི་བདེ་འཇགས་དོ་དམ་ཆུ་ཚད་དང་ཉེན་ཁ་སྔོན་འགོག་ནུས་པ་མཐོར་འདེགས་བཏང་།
དེ་དང་མཉམ་དུ། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ནང་ཁུལ་གྱི་ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། རིམ་པ་སོ་སོའི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་གནད་འགག་དུས་རིམ་གྱི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པར་མཛུབ་སྟོན་བྱས་པ་དང་། ས་ཁུལ་སོ་སོས་ལྕགས་བཞུ་དང་འཕྲུལ་ཆས། ཡང་བའི་བཟོ་ལས། འཁལ་འཐག་སོགས་ལས་རིགས་གཙོ་བོར་དམིགས་ནས་གནད་ཕིགས་ཁྲིམས་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཏེ། དུས་ཆེན་སྔོན་གྱི་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་བྱ་བ་ཏན་ཏིག་གིས་སྤེལ་དགོས་པའི་བླང་བྱ་བཏོན། སྲིད་འཛིན་ཁྲིམས་འཛིན་བྱ་བའི་སྒྲིག་སྲོལ་སྔར་ལས་གཟབ་ནན་དུ་བཏང་སྟེ། ཁྲིམས་འཛིན་མི་སྣ་ཡོངས་ཀྱིས་ཁྲིམས་འཛིན་ཡིག་ཆ་ཚད་ལྡན་ངང་སྤྱོད་པ་དང་། ཁྲིམས་འཛིན་གོ་རིམ་དང་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པར་མ་ཟད། དུས་ལྟར་སྤྱི་ཚོགས་ཡོངས་ལ་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་གྱི་ཞུ་གཏུག་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་ནས། རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པ་དང་། ཁྲིམས་འཛིན་ཐག་གཅོད་རེ་རེས་མི་དམངས་མང་ཚོགས་ཀྱི་ཉམས་ཞིབ་ཐེག་ཐུབ་པར་འགན་སྲུང་བྱས་ཏེ། ཁེ་ལས་ཀྱིས་གཞན་དབང་གིས་ལྟ་སྐུལ་དོ་དམ་དང་ལེན་བྱེད་པ་ནས་རང་རྟོགས་ངང་དོ་དམ་ལ་ཤུགས་སྣོན་པའི་ཕྱོགས་སུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཆེད་མཁས་པའི་མཛུབ་སྟོན་ཞབས་ཞུ་དང་ཚད་ལྡན་གྱི་ཁྲིམས་འཛིན་ལྟ་སྐུལ་ཟུང་འབྲེལ་དམ་ཟབ་བྱས་པ་བརྒྱུད་དེ། ཁེ་ལས་ཀྱིས་མངོན་མེད་རྐྱེན་ངན་མེད་པར་བྱེད་པར་རོགས་བྱས་པ་དང་། གཟབ་ནན་གྱི་ལྟ་སྐུལ་ཁྲིམས་འཛིན་བརྒྱུད་དེ་ཕྱོགས་སོ་སོའི་འགན་འཁྲི་ཇེ་དམ་དུ་གཏོང་བ་སོགས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་གནད་འགག་དུས་རིམ་གྱི་བདེ་འཇགས་ཐོན་སྐྱེད་གནས་བབ་བརྟན་པོ་ཡོང་བར་འགན་སྲུང་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།