མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐེངས་དང་པོར་ཅང་སུའུ་ཡི་ཁ་གཏད་རོགས་སྐྱོར་རོགས་ལས་མཉམ་ལས་ས་ཁུལ་གྱི་ཁྱད་ལྡན་ཚོང་རྫས་ཉོ་ཚོང་ཚོགས་འདུར་ཞུགས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཉེ་ལམ།   མཐུན་སྦྱོར་མཉམ་རྒྱལ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་ནུས་ཤུགས་ལ་བརྟེན་ནས་དར་རྒྱས་ལ་རོགས་འདེགས་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་ཅང་སུའུ་ཡི་ཁ་གཏོད་རོགས་སྐྱོར་རོགས་ལས་མཉམ་ལས་ས་ཁུལ་གྱི་ཁྱད་ལྡན་ཚོང་རྫས་ཉོ་ཚོང་ཚོགས་འདུ་སྐབས་བཞི་པ་ནན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་བསྡུས།   ཐེངས་འདིའི་ཉོ་ཚོང་ཚོགས་འདུ་ནི་ཞིང་ཆེན་རིམ་པའི་ངོས་ཀྱི་འཛད་སྤྱོད་རོགས་སྐྱོར་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་།     ཞིང་ཆེན་དང་གྲོང་ཁྱེར་བཅོ་ལྔ་ནས་ཡོང་བའི་ཁེ་ལས་ཉིས་བརྒྱ་ལྷག་འགྲེམས་སྟོན་ལ་ཞུགས།   མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གདན་ཞུས་ལྟར་ཐེངས་དང་པོར་འགྲེམས་སྟོན་ལ་ཞུགས་པ་དང་།    མཐོ་སྒང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཐོན་ལས་གྲུབ་འབྲས་འགྲེམས་སྟོན་བྱས་པར་མ་ཟད།   ཕྱོགས་མང་འགྲེམས་སྟོན་དང་སྦྲེལ་མཐུད་གཏིང་ཟབ་བྱས་པ་བརྒྱུད་དེ།   ཅང་སུའུ་དང་མཚོ་སྔོན་གྱི་རོགས་ལས་ཐད་རིག་གནས་ཡུལ་སྐོར་གྱི་ལེའུ་གསར་པ་བྲིས།

བྱ་འགུལ་སྐབས་སུ།  རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མཚོ་སྔོན་གྱི་རི་གླུ་དང་།  སྙན་ཞིང་འཇེབས་པའི་མི་རིགས་ཀྱི་རོལ་ཆས་སྒྲ་སྙན་རྡུང་ལེན་སྔ་གཞུག་བྱས་ཏེ་འགོ་རྩོམ་མཛད་སྒོའི་སྟེང་འཁྲབ་སྟོན་བྱས་པ་དང་།   ཞིང་ལས་རིག་གནས་ཡུལ་སྐོར་ངོ་སྤྲོད་ཚོགས་འདུ་སོགས་བརྒྱུད་དེ།   མཚོ་སྔོན་གྱི་ཡུལ་སྲོལ་གོམས་གཤིས་བརྒྱུད་སྤྲོད་བྱས་ནས།    ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ལ་རི་ཆུའི་འགོ་ཁུངས།   རབ་མཛེས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་འགུག་ཤུགས་ཚོར་དུ་བཅུག   ཞིང་ལས་རིག་གནས་ཡུལ་སྐོར་ཆེད་དོན་ངོ་སྤྲོད་ཚོགས་འདུ་དང་འབྲེལ་མཐུད་དུས་རིམ་དུ།  ཟི་ལིང་བསྐོར་བའི་གྲོང་གསེབ་སྐྱེ་ཁམས་ཡུལ་སྐོར་དང་དག་སྣང་མཚོ་བྱང་གི་སྐྱེ་ཁམས་ཡུལ་སྐོར་ཞེས་པའི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་གཉིས་དང་།    མདོ་ལའི་གཞུང་ལམ་དགུ་པའི་རང་གིས་རླངས་འཁོར་བསྐོར་བའི་ཡུལ་སྐོར་ལམ་ཐིག་སོགས་ངོ་སྤྲོད་བྱས་པ་བརྒྱུད་དེ།    ནན་ཅིན་གྱི་གྲོང་ཁྱེར་སྡོད་དམངས་དང་འགྲེམས་སྟོན་ལ་ཞུགས་པའི་སྐུ་མགྲོན་རྣམས་ལ་རྨ་ཙོང་རིག་གནས་དང་རྩྭ་ཐང་གི་མཛེས་ལྗོངས།    གངས་རིའི་ངོ་མཚར་བའི་ལྗོངས་རྣམ་བཅས་མཉམ་འདྲེས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་མཚམས་སྦྱོར་བྱས།    རིག་གནས་ཡུལ་སྐོར་མཉམ་བསྲེས་འགྲེམས་ཁུལ་དུ།     ཁུ་ནུའི་གཡང་ཊིའི་རྒྱན་ཆ་དང་རེབ་གོང་སྒྱུ་རྩལ་ཐང་ཀ་སོགས་རིག་གནས་གསར་གཏོད་ཐོན་རྫས་བརྒྱུད་དེ་ལྟད་མོ་བ་མང་པོ་ཞིག་གི་ཡིད་སེམས་དབང་མེད་དུ་བཀུག

ཐེངས་འདིའི་འགྲེམས་སྟོན་གྱིས་ཉོ་ཚོང་ཚོགས་འདུ་འབྲེལ་ཟམ་དུ་བྱས་ཏེ།    ཅང་སུའུ་དང་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་བརྗེ་རེས་དང་ཐོན་ལས་རོགས་ལས་ཇེ་ཟབ་ཏུ་བཏང་བ་དང་།    ཅང་སུའུ་ཡི་སྟོབས་ཤུགས་ལ་བརྟེན་ནས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཚོང་རྟགས་བརྒྱུད་སྒྲོག་བྱེད་པའི་བྱེད་ཐབས་རྒྱ་བསྐྱེད་དང་ཚོང་རྟགས་ཀྱི་ཤུགས་རྐྱེན་ནུས་ཤུགས་མཐོར་འདེགས་བཏང་ལ།   ཤར་ནུབ་རྒྱུད་རོགས་ལས་ཀྱི་བརྩེ་བ་ཟབ་མོ་དང་གཡུར་དུ་ཟ་བའི་གྲུབ་འབྲས་གང་ལེགས་སྒོས་མངོན་པར་བྱས་ཏེ།   མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ཐད་སྟོབས་དང་ལྡན་པའི་སྒུལ་ཤུགས་གསར་པ་བསྣན།

ལྷ་མོ་ཚེ་རིང་གིས་བསྒྱུར།