
ཉེ་ལམ། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་གནམ་གཤིས་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ལ། རང་ཞིང་གི་གནམ་གཤིས་རྒྱུན་ལྡན་མིན་པ་དང་། དྲག་ཆར་འབབ་པའི་གནམ་གཤིས་འབྱུང་ཐེངས་མང་པས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་འགྲན་སློང་ཆེན་པོར་འཕྲད་ཡོད། རྙོག་འཛིང་ཆེ་ཞིང་ཛ་དྲག་ཡིན་པའི་གནོད་འགོག་གནོད་སེལ་གནས་བབ་ལ་དམིགས་ནས། གནམ་གཤིས་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་དྲག་ཆར་འབབ་པའི་གནམ་གཤིས་སྔོན་འགོག་དང་ཁ་གཏད་འཇལ་བའི་བྱ་བ་བཟང་བོར་བསྒྲུབས།
འཁོར་སྐར་དང་ལེ་ཏ། རང་འགུལ་གནམ་གཤིས་ས་ཚིགས་བཅས་ལ་བརྟེན་ནས་ལངས་གཟུགས་ལྟ་ཞིབ་ཚད་ལེན་དྲ་རྒྱ་བཙུགས་ཏེ། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་དུས་ལྟར་རྗེས་འདེད་བྱེད་ཐུབ་པར་བྱས། སྔོན་བརྡའི་ལག་རྩལ་ལེགས་སྒྱུར་དང་། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་གྲོས་མོལ་ལ་ཤུགས་བསྣན་ནས། དུས་ཡུན་འབྲིང་ཐུང་དང་དུས་ཡུན་ཐུང་ངུ། ཞིབ་ཚགས་ཅན་གྱི་སྔོན་བརྡ་བཅས་རིམ་བཞིན་ཁྱབ་བསྒྲགས་བྱས། དཔེར་ན། ཟླ7པའི་ཚེས3ཉིན་ནས་ཚེས4ཉིན་བར་གྱི་དྲག་ཆར་འབབ་པའི་བརྒྱུད་རིམ་ཁྲོད། ཉིན་གཉིས་ཀྱི་སྔོན་ལ་གནམ་གཤིས་སྔོན་བརྡ་གལ་ཆེན་ཁྱབ་བསྒྲགས་བྱས་པར་མ་ཟད། རིམ་བཞིན་སྔོན་བརྡའི་ཆ་འཕྲིན་ཐེངས་དོན་གཅིག་ཁྱབ་བསྒྲགས་བྱས་ནས། མི་སྣ་སྔོན་ལ་གནས་སྤོ་བའི་ཆུ་ཚོད་བརྩོན་ལེན་བྱས་ཏེ། མི་སྣ་ཤི་རྨས་འབྱུང་བ་སྔོན་འགོག་བྱས།
རིམ་པ་མཐོ་བའི་ཉེན་བརྡའི་འབོད་སྐུལ་གཉིས་ཀྱི་ནང་རྐྱེན་དོན་འཁྱོལ་ནན་མོ་བྱས་ནས། དྲག་ཆར་འབབ་པའི་སྔོན་བརྡ་ཁྱབ་བསྒྲགས་བྱས་རྗེས། མྱུར་དུ་ཁ་པར་དང་བརྡ་འཕྲིན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འབྲེལ་ཡོད་འགན་ཁུར་མི་སྣར་བརྡ་བཏང་ལ། དེ་དང་མཉམ་དུ་སྔོན་བརྡ་གཏོང་བའི་བྱེད་ཐབས་འཐུས་ཚང་དུ་བཏང་། ད་ལོའི་ཟླ7པའི་ཚེས17ཉིན་ནས་ཚེས19ཉིན་བར་གྱི་ཁུལ་ཁོངས་རང་བཞིན་གྱི་དྲག་ཆར་འབབ་པའི་སྐབས་སུ། ཞིང་ཆེན་ཡོངས་སུ་རིམ་པ་མཐོ་བའི་ཉེན་ཟོན་སྔོན་བརྡ་ཐེངས་ཉིས་བརྒྱ་སོ་གཉིས་བཏང་བ་དང་། མི་ཐེངས་ཉིས་བརྒྱ་དོན་བཞིར་ཁེབས་པར་བྱས། བརྡ་འཕྲིན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རིམ་པ་མཐོ་བའི་སྔོན་བརྡ་ཐེངས་ཉེར་བརྒྱད་ལ་བཏང་བ་དང་། ཞོད་འགོག་འགན་ཁུར་མི་སྣ་ཁྲི་གཅིག་ལྷག་ལ་འབྲེལ་གཏུག་བྱས། གནད་ཕིགས་སྔོན་བརྡ་བརྒྱུད་དེ་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་མི་སྟོང་གཉིས་དང་བརྒྱ་དང་བཅུ་བདེ་འཇགས་ངང་གནས་སྤོར་བ་དང་། སྟོང་སྐོར་རྫོང་གི་མཛེས་ལྗོངས་ཁུལ་སྔོན་ལ་སྒོ་བརྒྱབ་ནས་རི་ཉིལ་བའི་ཉེན་ཁ་ལས་གཡོལ་བར་གནད་འགག་གི་ཐབས་ཇུས་འདོན་སྤྲོད་བྱས།
སྨྱན་བྱད་སོགས་བརྒྱུད་དེ་སྔོན་བརྡ་དང་འགོག་སྲུང་བྱེད་ཐབས་ཁྱབ་བསྒྲགས་བྱས་པར་མ་ཟད། དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་ཤེས་བྱ་འགྲེལ་ཀློག་བྱས། དྲག་ཆར་གྱི་རིམ་པ་མཐོ་བའི་སྔོན་བརྡ་ཁྱབ་བསྒྲགས་བྱེད་སྐབས། ཆེད་དོན་ཐད་གཏོང་བརྒྱུད་དེ་ཆེད་མཁས་པས་ཡུལ་དངོས་ནས་ཉེན་གཡོལ་ཤེས་བྱ་འགྲེལ་བཤད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་འགོག་ཟོན་འདུ་ཤེས་དང་རང་སྐྱོབ་ནུས་པ་ཇེ་དྲག་ཏུ་བཏང་། འཕྲལ་བསྟུན་དང་ཆུ་བེད། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་དང་མཉམ་སྒུལ་དམ་ཟབ་བྱས་ནས། ཆུ་ལོག་དང་ས་གཤིས་གནོད་འཚེའི་སྔོན་བརྡ་མཉམ་དུ་ཁྱབ་བསྒྲགས་བྱས། ད་ལོའི་ཞོད་དུས་སུ། རང་བྱུང་ཐོན་ཁུངས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་ས་གཤིས་གནོད་འཚེའི་སྔོན་བརྡ་ཐེངས་སྟོང་གཅིག་དང་དྲུག་བརྒྱ་བཅུ་བཞི་ཁྱབ་བསྒྲགས་བྱས་པ་དང་། ཆུ་བེད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་ཆུ་ལོག་གི་ཉེན་ཁའི་སྔོན་བརྡ་ཐེངས་བདུན་བརྒྱ་རེ་གསུམ་ཁྱབ་བསྒྲགས་བྱས་ཏེ། ཉེན་ཁ་སྔོན་འགོག་དང་མང་ཚོགས་གནས་སྤོ་བའི་ཐད་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།