
ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོ་རང་ཞིང་གིས་ཞིང་ལས་འཕྲུལ་ཆས་རྙིང་དོར་གསར་སྒྱུར་གྱི་བྱ་བའི་ཐད་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་དང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་བེད་མེད་ཟུར་འཇོག་བྱས་པའི་ཞིང་ལས་འཕྲུལ་ཆས་རྙིང་པ10528ཟིན་པ་དང་། ཐོག་དང་པོར་ཁྲི་གཅིག་ལས་བརྒལ་ཡོད་པ་དེ་ན་ནིང་གི་དུས་མཉམ་ལས་ལྡབ3ལྷག་ཙམ་འཕར་ཡོད། རོང་འབྲོག་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ལ་སྐུལ་ཁྲིད་བྱས་ཏེ་ཉོ་སྒྲུབ་བྱས་པའི་འཕྲུལ་ཆས་ལག་ཆ་གསར་པ 5252ཡོད་ལ། ཞིང་འཕྲུལ་སྒྲིག་ཆས་ཀྱི་གྲུབ་ཆ་ལེགས་སྒྱུར་ནུས་ལྡན་བྱས་པ་དང་། ཞིང་ལས་འཕྲུལ་ཆས་ཀྱི་རིམ་འཇུག་གསར་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་ཆེ་རུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ། ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ལ་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཡོད།
ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་རྒྱལ་ཁབ་ཀྱི་གཞི་ཁྱོན་ཆེན་མོའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་སྲིད་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ཞིང་ལས་འཕྲུལ་ཆས་ཀྱི་མཁོ་མེད་གསར་བརྗེས་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས། “སྲིད་ཇུས་ཇེ་ལེགས་སུ་གཏོང་བ་དང་ཞབས་ཞུ་མཐོར་འདེགས་སུ་གཏོང་བའི”བྱེད་ཐབས་གཉིས་ཀྱིས་སྲིད་ཇུས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་། སྲིད་ཇུས་མ་ལག་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས། བེདགམེད་ཟུར་འཇོག་བྱས་པའི་ཞིང་ལས་འཕྲུལ་ཆས་རིགས་དེ་སྔའི་རིགས14ནས་རིགས25བར་རྒྱ་སྐྱེད་བཏང་ནས་སྔར་ལས་མང་པོའི་འཕྲུལ་ཆས་རིགས་ལ་ཁྱབ་པར་བྱས། བེད་མེད་ཟུར་འཇོག་བྱས་པའི་མྱུར་ཚད་རྟ་ཤུགས20མན་ཆད་ཀྱི་འདྲུད་འཐེན་འཁོར་ལོ་དང་མཉམ་འབྲེལ་བསྡུ་རུབ་འཕྲུལ་འཁོར། སོན་འདེབས་འཕྲུལ་འཁོར་བཅས་དང་འཕྲུལ་ཆས་རིགས་གཅིག་མཚུངས་གསར་དུ་ཉོ་སྒྲུབ་བྱེད་པའི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་དགོས་པ་མ་ཟད། ཞིང་ཁའི་ལས་ཀ་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ཀྱི་ཁ་གསབ་ཚད་གཞི་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ལས་སྒྲུབ་དེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་སུ་བཅུག་ནས། ཞིང་འཕྲུལ་སྒྲིག་ཆས་ལྗང་མདོག་དང་རིག་ནུས་ཕྱོགས་སུ་རིམ་སྤར་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས།
སྲིད་ཇུས་ཤེས་ཚད་དང་བཀོལ་སྤྱོད་ཀྱི་སྟབས་བདེའི་རང་བཞིན་མཐོ་རུ་གཏོང་ཆེད། སྲིད་ཇུས་གསལ་འགྲེལ་དང་མ་ལག་བཀོལ་སྤྱོད་གསོ་སྦྱོང་འཛིན་གྲྭ་ཐེངས་མང་རྩ་འཛུགས་བྱས་ནས་བྱ་བའི་མི་སྣ་དང་ལས་སྒོའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་། “སྲིད་ཇུས་གསལ་འགྲེལ་གྱི་འགྲེམ་ཤོག”ཁྲི3པར་སྐྲུན་འགྲེམས་སྤེལ་བྱས་ནས། སྲིད་ཇུས་དྲིལ་བསྒྲགས་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་ཞིང་ཕན་སྲིད་ཇུས་ཚང་མས་ཤེས་པར་ཁག་ཐེག་བྱེད་དགོས། ཞིང་ཆེན་ཡོངས་སུ་གཅིག་བསྡུས་བེད་མེད་ཟུར་འཇོག་དང་གཅིག་གྱུར་རྣམ་པའི་ཞབས་ཞུ་གསར་སྐྲུན་སྐུལ་འདེད་བཏང་ལ། ད་ལོར་ས་ཁུལ་སོ་སོར་ཞིང་ལས་འཕྲུལ་ཆས་བེད་མེད་ཟུར་འཇོག་བྱེད་པའི་བྱ་འགུལ་སྤེལ་ཐེངས་བརྒྱ་དང་ཞེ་གཉིས་ལ་སླེབས། སིལ་ཐོར་ཕྱིར་བསྡུ་དང་ལྷུ་གཏོར་ལ་གཅིག་བསྡུས་ལྟ་སྐུལ་བྱེད་པའི་རྣམ་པ་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱིས་ཞིང་ལས་འཕྲུལ་ཆས་བེད་མེད་ཟུར་འཇོག་བྱེད་དཀའ་བའི་གནད་དོན་དང་མ་རྩ་མཐོ་བའི་དངོས་ཡོད་གནས་ཚུལ་ཐག་གཅོད་བྱས་ནས། མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དགའ་བསུ་ཐོབ།
ཤ་བོ་རིན་མཚོས་བསྒྱུར།