
ཟླ9པའི་ཚེས23ཉིན་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་གིས་སྤེལ་བའི་ལོ་ལེགས་དུས་ཆེན་གྱི་བྱ་འགུལ་སྟེང་། ལི་གྲོ་བརྗོད་གཞི་གཙོ་བོར་གྱུར་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། 2013ལོར་ལི་གྲོ་ཚོད་ལྟའི་འདེབས་འཛུགས་བྱས་པ་ནས་ད་ལྟའི་བར་དུ་ཝུའུ་ལན་རྫོང་གི་ལི་གྲོ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིངས་སྟོང་གཅིག་དང་བཞི་བཅུ་ལས་བརྒལ་ནས། ལི་གྲོ་ཞེས་པའི་འབྲུ་རིགས་རྩ་ཆེན་དེ་ས་གནས་ཞིང་ལས་ཀྱི་ཕན་ནུས་མཐོར་འདེགས་དང་ཞིང་པའི་ཡོང་འཕར་གྱི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད།
ཝུའུ་ལན་རྫོང་ཚྭ་འདམ་གཞོང་ས་རུ་ཡོད་པ་དང་། མཚོ་འཕང་རྨིད་སུམ་སྟོང་ལྷག་ཡོད་ལ། ཉི་འོད་འཕྲོ་བའི་དུས་ཡུན་རིང་ཞིང་ཉི་འོད་ཀྱི་འགྱེད་འཕྲོ་དྲག་པ་དང་། ཉིན་མཚན་དྲོད་གྲངས་ཀྱི་ཧ་བག་ཆེ་བར་མ་ཟད། ཞིང་སའི་ཆུ་སྤུས་བཟང་བས། ལི་གྲོ་སྐྱེ་འཚར་ཐད་ཁོར་ཡུག་གི་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད། ཉེ་བའི་ལོ་འགའི་རིང་། ཝུའུ་ལན་རྫོང་གིས་མཐོ་སྒང་གི་ལྷད་མེད་སྐྱེ་ཁམས་དགེ་མཚན་ལ་བརྟེན་ནས། ཁྲོམ་ར་ཁྲིད་སྟོན་དུ་བྱས་ཏེ། ལི་གྲོ་ཐོན་ལས་ཚད་གཞི་ཅན་དང་གཞི་ཁྱོན་ཅན། ཟོང་རྟགས་ཅན་བཅས་སུ་འཛུགས་སྐྲུན་བྱས་པ་དང་། ཐོན་ལས་ཕྲེང་འབྲེལ་མ་ལག་བཙུགས་ནས། ཁེ་ལས་ཀྱིས་སྐུལ་ཁྲིད་དང་ཞིང་ཁྱིམ་ཟབ་ཞུགས། ཟོང་རྟགས་ཀྱིས་ནུས་ཤུགས་བསྩོལ་བ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད།
ད་ལོར། ཝུའུ་ལན་རྫོང་གིས་ཁེ་ལས་དང་རྟེན་གཞི། ཞིང་ཁྱིམ་བཅས་མཉམ་བསྲེས་ཀྱི་རྣམ་པར་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། གཙང་གསུམ་ཝོ་ཐུའུ་ཀུང་སི་སྣེ་ཁྲིད་དུ་བྱས་ཏེ། ཁུལ་ཡོངས་ཀྱི་འདེབས་འཛུགས་ཚད་གཞི་གཏན་འབེབས་བྱས་པ་དང་། གཅིག་གྱུར་ལྔའི་འཁོར་སྐྱོད་ནང་རྐྱེན་ལག་བསྟར་བྱས་ནས་ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱས། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་ཀྱི་དངུལ་གཏོང་ཆེ་རུ་གཏོང་བར་སྐུལ་མ་བཏང་ཞིང་། སྒྲིག་ཆས་ཉོ་སྒྲུབ་དང་འཇོན་མི་ནང་འདྲེན་ཐད་རོགས་སྐྱོར་བྱས་པར་མ་ཟད། ལི་གྲོ་ལས་སྣོན་ཞིབ་ཚགས་བྱེད་པར་སྐུལ་འདེད་བཏང་སྟེ། ལི་གྲོའི་ཐུག་པ་སྣ་བརྒྱད་མ་དང་ལི་གྲོའི་ཇ་སོགས་ཐོན་རྫས་གསར་པ་གསར་སྤེལ་བྱས་ནས། འབྲུ་རིགས་ཚུལ་སྒྱུར་ལ་སྐུལ་འདེད་བཏང་། ཟོང་རྟགས་སྲུང་སྐྱོབ་འཕེལ་རྒྱས་འཐབ་ཇུས་མགྱོགས་མྱུར་ལག་བསྟར་བྱས་ཏེ། ཝུའུ་ལན་ལི་གྲོ་ཐོན་རྫས་ཀྱི་མིང་གྲགས་ཚད་མཐོར་འདེགས་བཏང་ནས། ལི་གྲོ་ཐོན་ལས་དེ་ཝུའུ་ལན་གྱི་ཞིང་ལས་སྒྲིག་གཞི་ལེགས་སྒྲིག་དང་ཐོན་ལས་ཅན་གྱིས་ཚོང་གཉེར་བྱེད་པའི་ཐོད་བརྒལ་གསར་པ་ཞིག་ཏུ་འགྱུར་བར་བྱས།
དེ་དང་མཉམ་དུ། ཝུའུ་ལན་རྫོང་གིས་ཕྱིར་གཏོང་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས། ཆེད་དོན་ངོ་སྤྲོད་ཚོགས་འདུ་དང་མྱོང་དཔྱད་ཚོགས་འདུ་བརྒྱུད་དེ་ཞིང་ཚོང་སྦྲེལ་མཐུད་ལ་སྐུལ་འདེད་བཏང་བར་མ་ཟད། གློག་རྡུལ་ཚོང་ལས་ཕྱིར་འཚོང་སྟེགས་བུ་བཙུགས་ནས། ཟོང་རྟགས་ཀྱི་ཤུགས་རྐྱེན་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད། མིག་སྔར། ཝུའུ་ལན་གྱི་ལི་གྲོ་པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲིག ཧྲིན་ཀྲིན་སོགས་རྒྱལ་ནང་གི་གྲོང་ཁྱེར་མང་པོར་ཕྱིར་ཚོང་བྱེད་བཞིན་ཡོད་པར་མ་ཟད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རྒྱལ་སྤྱིའི་ཁྲོམ་རར་ཕྱིར་འཚོང་བྱས་ནས། ཟོང་རྟགས་ཀྱི་མིང་གྲགས་ཚད་དང་ཁྲོམ་ར་བཟུང་ཚད་བརྟན་འཇགས་སྒོར་མཐོར་འདེགས་བཏང་།
དེ་མིན། ཝུའུ་ལན་རྫོང་གིས་ད་རུང་ཞིང་ཆེན་དང་ཁུལ་གྱི་མཛུབ་སྟོན་བསམ་འཆར་ལྟར། མུའུ་རེར་སྒོར་བཞི་བརྒྱའི་འདེབས་འཛུགས་ཁ་གསབ་དོན་འཁྱོལ་བྱས་ནས། འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིངས་བཞི་བརྒྱ་དྲུག་ཅུ་ལ་ཁེབས་པར་བྱས་པ་མ་ཟད། སོན་བཟང་གསོ་སྤེལ་ལས་གཞི་ལག་བསྟར་བྱས་ཤིང་། སོན་རྫས་ཐོན་ཁུངས་སྟོང་ལྷག་ནང་འདྲེན་བྱས་ཏེ། ཐོན་ལས་ཀྱི་སོན་བཟང་ཅན་དང་ཚད་གཞི་ཅན་གྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཐོན་ལས་འཕེལ་རྒྱས་ཐད་སྟོབས་དང་ལྡན་པའི་སྒུལ་ཤུགས་འདོན་སྤྲོད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།