
ཉེ་ལམ། གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་དོ་དམ་སྤྱི་ཁྱབ་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་དང་ནུས་ལྡན་སྒོས་ཇེ་ཉུང་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་ཆེད། སྤྱི་ཁྱབ་རུ་ཁག་དེས་ཕྱོགས་ཡོངས་ནས་གཅིག་གྱུར་འཆར་འགོད་དང་སྔོན་ལ་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་རྩ་འཛུགས་བྱས་ཏེ “དུས་ཆེན་གཉིས”ཀྱི་ཕྱིར་སྐྱོད་ཁྱད་ཆོས་ལ་དམ་པོར་དམིགས་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་འབུར་དུ་དོད་པར་དམིགས་ནས། སྒྲིག་ལམ་ལྡན་པའི་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་ཞིབ་བཤེར། ཁྲིམས་འགལ་ཞིབ་བཤེར། མཉམ་འབྲེལ་ཞིབ་བཤེར་བྱེད་པ་དང་དེ་མིན་དྲིལ་སྒྲོག་སྣེ་ཁྲིད་ལ་སྐུལ་འདེད་གཏོང་བ་སོགས་བྱེད་ཐབས་སྣ་ཚོགས་ནན་ཏན་སྒོས་ལག་བསྟར་བྱས་ཏེ། དུས་ཆེན་གྱི་སྐབས་འགྲིམ་འགྲུལ་བདེ་འཇགས་གོ་རིམ་ལྡན་པ་དང་གེགས་མེད་ཤར་གཏོང་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།
མཚོ་སྔོན་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས“ཆེད་ལས་དང་རྐྱེན་སྲོལ། གཞི་གྲངས་ཆེན་མོའི”རྣམ་པ་གསར་པའི་ཉེན་རྟོག་ཞབས་ཞུའི་འཁོར་སྐྱོད་ལ་བརྟེན་ནས། ཁྱིམ་མཚེས་ས་ཁུལ་གྱི་ཆ་འཕྲིན་མཉམ་སྤྱོད་དང་། མཐུན་སྦྱོར་ཕྱོགས་བགོས་དང་མཉམ་འགུལ་སྣེ་ཁྲིད་བཅས་ལ་སྐུལ་འདེད་བཏང་། དེ་དང་ཆབས་ཅིག “ལམ་གཅིག་ཕྱོགས་མང”དང་མཐོ་སའི་རོགས་ལས་སོགས་མཉམ་འབྲེལ་མཉམ་འགུལ་གྱི་རྐྱེན་སྲོལ་ལ་ཤུགས་བསྣན་ཏེ། གནམ་གཤིས་སྡེ་ཚན་དང་འབྲེལ་མཐུད་བྱས་ནས་ཆར་ཆུ་དང་ཁ་བ་འབབ་པ་སོགས་གནམ་གཤིས་ངན་པའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། འགུལ་རྣམ་ཞིབ་འཇུག་བརྡར་གཅོད་དང་སྔོན་ཚུད་ཉེན་བརྡའི་དྲན་སྐུལ་ཡག་པོ་བྱས། གུང་གསེང་སྐབས་ཀྱི་ཕྱིར་སྐྱོད་དང་ཕྱིར་ལོག་མཁན་མང་དུས་ལ་དོ་སྣང་ཆེན་པོ་བྱས་ནས། ཞིང་ཆེན་བར་དང་གྲོང་ཁྱེར་ནང་དུ་འགྲོ་འོང་བྱེད་པ། གཙོ་ཐིག་མྱུར་བགྲོད་གཞུང་ལམ། མཐོ་སའི་སྦྲེལ་མཐུད་སོགས་འགག་སླ་བའི་གནས་སུ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ། ཕྱོགས་སོ་སོའི་འགན་འཁྲི་དང་བྱེ་བྲག་གི་བྱེད་ཐབས། མཉམ་འགུལ་རྐྱེན་སྲོལ་བཅས་གསལ་བོ་བྱས།
དེ་དང་ཆབས་ཅིག ས་གནས་སོ་སོས《སྟོན་དུས་དང་དགུན་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་སྣ་བཅུ་ཇེ་དྲག་ཏུ་གཏོང་བར》དཔེ་བསྡུར་བྱས་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་གནད་འཁེལ་ཞིབ་དཔྱད་བྱས་པ་དང་། མི་ཤོང་ཚད་ལས་བརྒལ་བ་དང་ཆང་བཏུངས་ནས་རླངས་འཁོར་སྐོར་བ། ངལ་དུབ་ཀྱིས་རླངས་འཁོར་སྐོར་བ། མྱུར་ཚད་ལས་བརྒལ་བའི་རླངས་འཁོར་སྐོར་བ་སོགས་དུས་ཚིགས་རང་བཞིན་གྱི་འབྱུང་མང་བའི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆོས་ཉིད་དང་ས་ཁོངས་ཁྱབ་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། ཁྲིམས་འཛིན་གྱི་རྨོངས་ཁུལ་གནད་ལ་འཁེལ་བའི་སྒོ་ནས་འཚོལ་ཞིབ་བྱས། ལས་འཛོལ་གྱི་གཞི་གྲངས་དང་ཟུང་འབྲེལ་བྱས་ནས་རིགས་མཚུངས་ཀྱི་རླངས་འཁོར་རིགས་གཙོ་བོ་དང་། ཉེན་ཁ་ཆེ་བའི་ཁ་ལོ་བ་དང་དེ་མིན་བདེ་འཇགས་དོ་དམ་ཞན་པའི་སྐྱེལ་འདྲེན་ཁེ་ལས་བཅས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་གཏིང་ཟབ་བྱེད་པ་དང་ཆབས་ཅིག གློག་བརྡ་དང་ཕྲལ་གཅོད་ལྕགས་དྲ། དལ་འགྲོས་རྒྱུད། ཉེན་བརྡའི་མཚོན་རྟགས་སོགས་བགྲོད་ལམ་གྱི་སྒྲིག་ཆས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། བགྲོད་ལམ་བདེ་འཇགས་ཀྱི་རྨང་གཞིའི་ཆུ་ཚད་ཆེ་རུ་བཏང་།
དེ་ལས་གཞན། མཚོ་སྔོན་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས“ཁྱབ་བསྒྲགས་གཉིས་དང་དྲན་སྐུལ་གཅིག”གཅིག་བསྡུས་སྒོས་ཁྱབ་གདལ་དུ་བཏང་བ་དང་། ཐབས་ལམ་མང་པོ་ཞིག་སྤྱད་དེ་སྤྱི་ཚོགས་ལ་མཐོ་རླབས་ཀྱི་དུས་མཚམས་དང་། ལམ་གྱི་གནས་ཚུལ་ཆ་འཕྲིན་དང་བདེ་འཇགས་ངང་ཕྱིར་སྐྱོད་པའི་དྲན་སྐུལ་བཅས་གཅིག་བསྡུས་སྒོས་ཁྱབ་བསྒྲགས་བྱས་ནས། མང་ཚོགས་ཀྱིས་ལུགས་མཐུན་ངང་ཕྱིར་སྐྱོད་འཆར་འགོད་བཟོ་བ་དང་རླངས་འཁོར་ཁག་པར་གཡོལ་ནས་འགྲོ་སྐྱོད་བྱས་ཏེ། འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཀྱི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཆེ་རུ་བཏང་།
ཤ་བོ་རིན་མཚོས་བསྒྱུར།