མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་ལོ་གསུམ་རིང་གི་བྱ་རིགས་སྲུང་སྐྱོབ་ཆེད་དོན་འགུལ་སྐྱོད་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཉེ་ལམ།   གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   མཚོ་སྔོན་ཞིང་ཆེན་གྱི་བྱ་རིགས་སྲུང་སྐྱོབ་བྱ་འགུལ་དང་བྱ་རིགས་རྔོན་འཚོང་ནག་ཉེས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་འགུལ་སྐྱོད་མཉམ་འབྲེལ་བྱ་བའི་ཇུས་གཞི་ཞེས་པ་ཉེ་ལམ་པར་འགྲེམས་ལག་བསྟར་བྱས་ཏེ།   ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ལོ་གསུམ་རིང་གི་མཚོ་སྔོན་གྱི་བྱ་རིགས་སྲུང་སྐྱོབ་བྱ་འགུལ་དང་བྱ་རིགས་རྔོན་འཚོང་ནག་ཉེས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱ་རྒྱུ་ཐག་བཅད།   ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ལས་ཁུངས་དང་སྡེ་ཁག་བཅུ་བདུན་དང་མཉམ་འབྲེལ་བྱས་ཏེ་བྱ་རིགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་དང་ནག་ཉེས་བྱ་འགུལ་ལ་རྡུང་རྡེག་གཏོང་བར་ཤུགས་སྣོན་རྒྱུ་རེད།

མཚོ་སྔོན་ནི་གོ་ལ་ཧྲིལ་བོའི་དུས་བྱའི་སྐྱེ་འཕེལ་བྱ་ཡུལ་དང་ཁྱུ་ཚོགས་ངལ་གསོ་བྱ་ཡུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས།    དུས་བྱ་གནས་སྤོ་བྱ་ཡུལ་གཉིས་རང་ཞིང་བརྒྱུད་དེ་བྱ་རིགས་འཚོ་གནས་ས་ཁུལ་གལ་ཆེན་ཉེར་གཉིས་ལ་ཁེབས་ཡོད་པས།     བྱ་རིགས་སྲུང་སྐྱོབ་བྱ་བའི་ཐད་སྐྱེ་ཁམས་ཀྱི་རིན་ཐང་གལ་ཆེན་ལྡན།   ཆེད་དོན་འགུལ་སྐྱོད་ཀྱིས་རྔོན་འཚོང་ནག་ཉེས་དང་བྱ་རིགས་འཛིན་བཟུང་སོགས་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་དམིགས་ནས།   ཁྲིམས་ལྟར་ཆད་པ་གཅོད་པ་སོགས་ཀྱི་བྱ་བའི་ནང་རྐྱེན་བཙུགས་ཡོད།   ཚོགས་པ་ཅན་གྱི་ནག་ཉེས་དང་།  རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་རིགས་རྔོན་འཛིན་དང་སྐྱེལ་འདྲེན།   ཕྱིར་འཚོང་བཅས་བྱེད་པའི་གྱོད་གཞིར་དམིགས་ནས།  མགྱོགས་མྱུར་ཞིབ་བཤེར་དང་མགྱོགས་མྱུར་སྒོས་གྱོད་གཞི་ཐག་གཅོད་པའི་ཆེད་དོན་མཁྲེགས་གཏོར་ལག་བསྟར་བྱས་ཏེ།  བློ་བརྟན་འགྱུར་མེད་སྒོས་ནག་ཉེས་ཚོགས་ཁག་སྐོར་ཞིག་མེད་པར་བཟོ་བ་དང་།     དཔེ་མཚོན་གྱི་ནག་ཉེས་བྱ་སྤྱོད་སྐོར་ཞིག་ཡོངས་བསྒྲགས་བྱས་ནས།    བཅའ་ཁྲིམས་ཀྱི་བྱེད་ནུས་ཆེན་པོ་ཆགས་པར་བྱེད་རྒྱུ་རེད།    དུས་བྱ་འཕུར་ལམ་དང་ཁྱུ་ཚོགས་ཀྱི་བྱ་འགུལ་སྤེལ་ཡུལ།   བྱ་རིགས་ཀྱིས་འགུལ་སྐྱོད་བྱེད་ཚད་མང་བའི་ཁུལ་ཁོངས་སུ་བྱ་རིགས་སྲུང་སྐྱོབ་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་ནས་བྱ་རིགས་འཛིན་བཟུང་བྱ་སྤྱོད་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ།    བྱ་རིགས་འཚོ་གནས་དང་སྐྱེ་འཕེལ་ཐད་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་རེད།

རྨང་གཞི་དེའི་སྟེང་ནས། ཡུལ་དངོས་གྲལ་བཤེར་དང་དྲ་ཐོག་ལྟ་སྐུལ་ཟུང་འབྲེལ་གྱི་ཁྲིམས་བསྟར་མ་ལག་བཙུགས། བྱ་རིགས་བརྗེ་རེས་བྱེད་ས་དང་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་གྱིས་ཉོ་འཚོང་བྱེད་པའི་ཁྲོམ་ར་སོགས་ནི་ཡུལ་དངོས་ཀྱི་གྲལ་བཤེར་བྱེད་ཡུལ་གཙོ་བོར་བཞག་ནས། ཁྲིམས་འགལ་གྱི་བརྗེ་རེས་བྱེད་གནས་དག་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་རེད། དྲ་རྒྱའི་ཉོ་འཚོང་སྟེགས་བུ་ལ་ལྟ་སྐུལ་བྱེད་པ་དང་། སྤྱི་འབྲེལ་མཉེན་ཆས་སྟེགས་བུའི་སྟེང་ལ་ཕྱོགས་ཡོངས་ནས་རང་བཤེར་བྱས་ནས། ཁྲིམས་འགལ་གྱི་བྱ་རིགས་བརྗེ་རེས་གཙང་སེལ་བྱེད་པ་དང་། རི་དྭགས་རྔོན་ཆས་བཀོལ་སྤྱོད་བཀག་འགོག་བྱེད་པ། དྲ་ཐོག་གི་ཁྲིམས་འགལ་ཉོ་འཚོང་གི་བརྒྱུད་ལམ་འགོག་པ་བཅས་ཀྱི་བྱ་བ་སྤེལ་རྒྱུ་རེད། བྱ་རིགས་མིས་བཟོས་རྒྱུད་སྤེལ་གྱི་ཁྱབ་ཁོངས་སུ། ཆེད་དོན་དག་ཐེར་བཅོས་སྐྱོང་གི་འགུལ་སྐྱོད་སྤེལ་ནས། རྒྱུད་སྤེལ་སྒྲིག་སྲོལ་གྱི་ཆ་རྐྱེན་ལ་གཟབ་ནན་གྱིས་ཞིབ་བཤེར་བྱེད་པ་དང་། ཁྲིམས་འགལ་གྱིས་རི་སྐྱེས་བྱ་རིགས་རྔོན་ཞིང་དེ་མིས་བཟོས་རྒྱུད་སྤེལ་གྱི་མིང་ཐོག་ནས་ཁྲོམ་རར་བཀྲམ་པའི་སྣང་ཚུལ་བཀག་འགོག་བྱེད་པ་དང་། ཁྲིམས་འགལ་གྱི་ལས་གཉེར་སྒྲིག་སྲོལ་དང་མི་སྒེར་ལ་ཁྲིམས་ཆད་ནན་མོ་བཅད་ནས། ཁྲིམས་འགལ་གྱིས་རི་དྭགས་རྔོན་པ་དང་མིས་བཟོས་རྒྱུད་སྤེལ།  ཁྲོམ་རའི་ཉོ་འཚོང་བཅས་བར་གྱི་མུ་ཁྱུད་ནག་པོ་དེ་རྩ་གཏོར་གཏང་རྒྱུ་རེད །

ལྷ་མོ་ཚེ་རིང་དང་སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།