
བསྟུད་མར་ཉིན་འགའི་རིང་། ཟླ་མཆོད་དུས་ཆེན་གྱི་བྱ་འགུལ་གོ་ལ་ཧྲིལ་པོའི་ས་ཆ་མང་པོར་སྤེལ། རྒྱལ་ཁབ་མང་པོའི་མང་ཚོགས་ཀྱིས་ཟླ་གོར་དང་ལྒང་ཞུ་ལ་ལྟ་བ། མཉམ་འཛོམས་གླེང་བ་བཅས་བརྒྱུད་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་ཉམས་སུ་མྱོང་བཞིན་ཡོད། ཧང་ག་རིའི་རྒྱལ་ས་པུའུ་ཏ་ཕེ་སི་རུ། ཟླ་མཆོད་དུས་ཆེན་གྱི་བྱ་འགུལ་ནང་མི་ཁྲི་ཕྲག་ཞུགས་ཡོད་པ་དང་། ངོ་མཚར་ཆེ་བའི་འཁྲབ་སྟོན་དང་གཟུགས་འདས་ཤུལ་བཞག་རིག་གནས་མྱོང་རོལ་བྱེད་ཞོར། བྲོ་བ་ཞིམ་པའི་ཀྲུང་གོའི་ཞིམ་ཟས་ཀྱིས་ས་དེའི་མང་ཚོགས་རྣམས་ཀྱི་ཡིད་སེམས་བཀུག་ཡོད།
ཧང་ག་རིའི་པུའུ་ཏ་ཕེ་སིའི་ཆུས་བཅུ་པའི་འགོ་གཙོ་གཞོན་པ་ལ་ཏི་ཝ་ཉི་ཡིས་བཤད་རྒྱུར། ང་ཚོས་ཀྲུང་གོའི་རིག་གནས་ཁྲོད་ཀྱི་ཟླ་བའི་གལ་ཆེའི་རང་བཞིན་ཤེས་ཡོད། སྐབས་འདིར་ང་ཚོས་མཉམ་དུ་ཟླ་གོར་ཟ་འོས། རིག་གནས་མི་འདྲ་ནའང་། ང་ཚོ་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱིས་ཕན་ཚུན་ལ་བློ་གཏད་ནས་སྔར་ལས་ལྷག་པའི་རྒྱུས་ལོན་བྱེད་ཀྱིན་ཡོད།
ཚེས4ནས5ཉིན་བར། འཁྲུག་ཆ་དོད་པའི་ཟླ་མཆོད་དུས་ཆེན་གྱི་གླིང་སྐོར་འདུ་ཚོགས་དབྱིན་ཇིའི་མན་ཁྲུ་སི་ཐི་གྲོང་ཁྱེར་གྱི་ལྟེ་གནས་སུ་བསྡུས། གྲོང་མི་ཚོས་དགའ་སྤྲོའི་ངང་ཟླ་མཆོད་དུས་ཆེན་གྱི་གོམས་སྲོལ་ལ་རྒྱུས་ལོན་དང་ཟླ་གོར་གྱི་བྲོ་བ་མྱོང་བ། ཀྲུང་གོའི་ཡིག་གཟུགས་དང་རླུང་གཡབ་བཟོ་བ་སོགས་ཀྱི་བྱེད་སྒོ་ཉམས་ལེན་བྱས།
དབྱིན་ཇིའི་མན་ཁྲུ་སི་ཐིའི་གུས་ལུགས་འགོ་གཙོ་ཀི་ལི་མུའུ་ཞའོ་ཡིས་བཤད་རྒྱུར། མི་མང་པོ་ཞིག་གིས་ཆར་བ་ལ་མ་འཛེམ་པར་བྱ་འགུལ་ནང་ཞུགས་པ་མ་ཟད། ཁོ་ཚོ་ཚང་མར་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་ཡོད། བྱ་འགུལ་འདི་འདྲ་སྤེལ་བར་མན་ཁྲུ་སི་ཐི་ལ་མཚོན་ན་ཧ་ཅང་བཟང་།
དབྱིན་ཇིའི་མན་ཁྲུ་སི་ཐིའི་གྲོང་མི་ཧིན་ལི་ཡིས་བཤད་རྒྱུར། ངས་ཟླ་མཆོད་དུས་ཆེན་ནི་མཐུན་སྒྲིལ་དང་དར་རྒྱས་མཚོན་པའི་དུས་ཆེན་ཞིག་ཡིན་པ་ཤེས་ཡོད།ཉི ན་དེའི་ཟླ་བ་ནི་ཟླ་བ་ཉ་གང་ཡིན་ལ། ཚང་མས་བྲོ་བ་ཞིམ་པའི་ཟླ་གོར་ཟ་བ་རེད། ལྷན་རྒྱས་ཟླ་མཆོད་དུས་ཆེན་ལ་སྤྲོ་བོ་ཤོག
ཟླ་མཆོད་དུས་ཆེན་གྱི་སྐབས་སུ། པར་ཙིར་གྱི་དབྱི་ཀྭ་སུའུ་གྲོང་ཁྱེར་སྲིད་གཞུང་གིས་ལ་ཏིང་མེ་གླིང་ས་ཁུལ་གྱི་ཆུ་གློག་ས་ཚིགས་ཆེ་ཤོས་ཏེ་དབྱི་ཐའེ་ཕུའུ་ཆུ་གློག་ས་ཚིགས་སུ་ཟླ་མཆོད་དུས་ཆེན་གྱི་དགོང་ཚོགས་ཐེངས་དང་པོ་འཚོགས་པ་རེད། ཀྲུང་གོ་དང་པར་ཙིར་གྱི་སྒྱུ་རྩལ་པས་སེང་རྩེ་དང་དྲག་རྩལ། ཀྲུང་གོའི་གནའ་བོའི་ཞབས་བྲོ། པར་ཙིར་གྱི་གླུ་གཞས་སོགས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ནས་རིག་གནས་མཉམ་འདྲེས་ཀྱི་མཛེས་པ་མངོན་ཡོད། ཆུ་གློག་ས་ཚིགས་ཀྱིས་ད་དུང་ཟླ་མཆོད་དུས་ཆེན་གྱི་གློག་སྒྲོན་བཀར་བའི་མཛད་སྒོ་སྤེལ།
པར་ཙིར་དབྱི་ཀྭ་སུའུ་གྲོང་ཁྱེར་གྲོས་ཁང་གི་གྲོས་དཔོན་པའོ་ལུའོ·ཏི་པུའུ་ལིས་ཐའོ་ཡིས་བཤད་རྒྱུར། ཟླ་བ་ཉ་གང་བ་དེས་ཁྱིམ་ཚང་མཉམ་འཛོམས་དང་འཆམ་མཐུན་གྱི་མཛེས་བ་མཚོན། ཚང་མ་མཉམ་དུ་འཛོམས་ནས་མཉམ་དུ་དུས་ཆེན་བསུ། འདི་པར་ཙིར་དང་ཡང་ན་ཀྲུང་གོར་མཚོན་ནས་བཤད་ན། དོན་སྙིང་ཆེན་པོ་ལྡན་པའི་དུས་ཆེན་ཞིག་ཡིན།
སིང་ཀ་ཕོར་དུ་ཉིའུ་ཁྲེ་ཧྲུའེ་དང་པིན་ཧའེ་ལྡུམ་ར། ཡུས་ལང་མེ་ཏོག་ལྡུམ་རྭ་སོགས་སུ་ཟླ་མཆོད་དུས་ཆེན་གྱི་གློག་སྒྲོན་འགྲེམ་སྟོན་བྱས། ལྒང་ཞུ་དང་ཡོས་བུ། སྤྲིན་དཀར་སོགས་ཀྱིས་མཉམ་འཛོམས་མཚོན་ཡོད་ལ། བདེ་སྐྱིད་ཀྱི་ཚོན་ཁྲའི་གློག་སྒྲོན་གྱིས་ཁྲོམ་གཞུང་ཆེ་ཆུང་གང་སར་རྒྱན་ཡོད།
2025ལོའི“ཁ་ཐག་རིང་ཡང་མཉམ་དུ་རོལ”ཞེས་པའི་ཟླ་མཆོད་དུས་ཆེན་གྱི་དགོང་ཚོགས་ཉེ་ཆར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་དང་ཨབ་ཀྲ་པི་རུ་འཚོགས། མི་རྣམས་ཀྱིས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ཁྲོད་ཀྲུང་གོའི་རིག་གནས་ཀྱི་ཐུན་མིན་ངོ་མཚར་མྱོང་རོལ་བྱེད་བཞིན་ཡོད།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏི་པའེ་སློབ་ཆེན་གྱི་སློབ་མ་ཨའོ་མ་ཨར་གྱིས་བཤད་རྒྱུར། འཁྲབ་ཚན་ཚང་མ་ཧ་ཅང་ངོ་མཚར་ཆེ་བ་ཞིག་རེད། ལྷག་པར་དུ“ཉི་གདུགས”ཞེས་པའི་ལེ་ཚན་དེ་ངོ་མཚར་བ་ཞིག་རེད། དགོང་ཚོགས་སྟེང་དུ་ཀྲུང་གོའི་རིག་གནས་དང་ཀྲུང་གོའི་དམངས་སྲོལ་སྐོར་གྱི་ནང་དོན་མང་པོ་ཞིག་འགྲེམ་སྟོན་བྱས་བྱུང་། དེར་ང་རང་ཧ་ཅང་དགའ་ཡོད།
འཁྲབ་སྟོན་ལས་གཞན་ད་དུང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཉམས་ལེན་བྱ་འགུལ་གྱིས་ལྟད་མོ་བ་མང་པོའི་ཡིད་དབང་བཀུག