ཤེས་བྱའི་ཐོན་དབང་བྱ་བས་མཚོ་སྔོན་གྱི་ཐོན་ལས་རིམ་སྤར་དང་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

ཟླ9པའི་ཚེས28ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ་བདུན་པའི་ཟླ་མཇུག་བར། མཚོ་ལྷོ་ཁུལ་གྱིས་རླུང་ནུས་དང་། འོད་ཤུགས། ནུས་གསོག་ཐོན་ཁུངས་སོགས་ལ་དམིགས་ཏེ། འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན་ལྡན་པའི་གསར་གཏོད་ཆེད་ཁེ41དང་རིན་ཐང་མཐོ་བའི་གསར་གཏོད་ཆེད་ཁེ18གསོ་སྐྱོང་དང་སྔོག་འདོན་བྱས། ཆེད་ཁེའི་དབང་ཆ་སྤྲོད་ཚད་ཆེས་ཆེར་འཕར་བ་དེས་ཁེ་ལས་ཀྱི་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་།    གསར་གཏོད་ཀྱི་གཙོ་གཟུགས་གནས་བབ་རྒྱུན་མཐུད་བརྟན་པོ་བྱུང་།     ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚོང་རྟགས་ཐོ་འགོད་དང་ཟོང་རྟགས་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་ཞིང་གི་སྤུས་ལེགས་ཀྱི་ཐོན་ཁུངས་ལ་རྟགས་སྦྱར་ནུས་ཤུགས་སྤྲད་པ་དང་།     ས་ཁམས་མཚོན་རྟགས་ལ་བརྟེན་ནས་དབྱེ་མཚམས་བཅད་དེ་རྒྱུ་སྤུས་ཀྱི་མཐའ་མཚམས་སྲུང་སྐྱོབ་བྱས་པ་དང་ས་ཁོངས་དབྱེ་འབྱེད་བྱེད་ཚད་ཆེ་རུ་བཏང་། ཞིང་ཆེན་ཡོངས་ཀྱི་ཚོང་རྟགས་གྲངས་ཀ་མངོན་འགྱུར་བྱེད་པའི་ལྡབ་གྲངས་རིམ་པ་ཇེ་མང་དུ་ཕྱིན་པ་དང་། སྐྱེ་ཁམས་ཟོང་རྟགས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ལ།   ཤེས་བྱའི་ཐོན་དབང་ཕན་སྐུལ་ཐོན་ལས་རིམ་སྤར་དང་གྲོང་གསེབ་དར་སྤེལ་གྱི་ཕན་འབྲས་འབུར་དུ་ཐོན་ཡོད།

མཐོ་སྒང་དུ་གནས་པ་དང་མཚོ་སྔོན་ལ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཁྱད་སྟོབས་ལྡན་ལ། འོན་ཀྱང་དུས་ཡུན་རིང་པོར། ཚོང་རྟགས་ཟོང་རྟགས་ཅན་དུ་འགྱུར་བའི་ཚད་མི་འདང་བ་དང་།    ས་ཁམས་མཚོན་རྟགས་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་ཚད་མི་འདང་བ།    སྤུས་ལེགས་ཀྱི་ཐོན་ཁུངས་སྐོར་ཞིག་ལ“རྒྱུ་སྤུས་ཡོད་ཀྱང་ཟོང་རྟགས་མེད་པ་དང་།    ཁྱད་རྫས་ཡོད་ཀྱང་མིང་གྲགས་མེད”པས།    ཐོན་ཁུངས་ཀྱི་རིན་ཐང་དེ་དཔལ་འབྱོར་གྱི་ཁྱད་སྟོབས་སུ་བསྒྱུར་ཐུབ་མེད།

རྣམ་པ་དེར་འགྱུར་ལྡོག་གཏོང་ཆེད།    མཚོ་སྔོན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཐོན་ཁུངས་སྔོག་འདོན་དང་སྲུང་སྐྱོབ་ལ་ཤུགས་སྣོན་པ། བཀོལ་སྤྱོད་མཐོར་གཏོང་།    སྟེགས་བུ་བསྐྲུན་པ་བཅས་ཕྱོགས་ཆེན་པོ་བཞི་ནས་འགོ་བརྩམས་ཏེ། བྱེ་བྲག་གི་བྱེད་ཐབས་བཅུ་གཉིས་ལག་བསྟར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་དང་ས་ཁམས་མཚོན་རྟགས་ཀྱི་རྨང་གཞི་བསྐྲུན་པ་དང་ཞིང་ཆེན་ཡོངས་ཀྱི་ཚོང་རྫས་ཀྱི་ཟོང་རྟགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན་ཚོང་རྟགས་ཐོ་འགོད་ཚད་དེ2020ལོའི་ལོ་མཇུག་གི་ཁྲི་བཞི་དང་སྟོང་བརྒྱད་ལྔ་བརྒྱ་ནས་འཕར་ཏེ་ཁྲི་བརྒྱད་དང་སྟོང་བདུན་བརྒྱ་ལ་སླེབས་པ་དང་། འཕར་ཚད་ལྡབ་གཅིག་དང་གྲངས་ཆུང་བདུན་དགུ་རེད། ད་དུང་ཚོང་རྟགས་ཟོང་རྟགས་མཛུབ་ཁྲིད་ས་ཚིགས་གཉིས་རྒྱལ་ཁབ་ཀྱི“ཁེ་ལས་སྟོང་གི་གྲེང་ཁྱེར་བརྒྱའི”ཟོང་རྟགས་རིན་ཐང་མཐོར་འདེགས་ཀྱི་བྱ་སྤྱོད་མིང་ཐོའི་ནང་བདམས།

དེ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཁག་གིས་ད་དུང་དྲིལ་བསྒྲགས་བྱེད་སྟངས་དང་། ཇུས་འགོད་པར་ལེན་གྱི“རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས”དང་།    “རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་བདེན་དཔང་ཚོང་རྟགས”མུ་འབྲེལ་དྲིལ་བསྒྲགས་པར་གཞི་ཇུས་འགོད་པར་ལེན་བྱས་ཏེ། ཕྱོགས་ཡོངས་ནས་མཚོ་སྔོན་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གནས་ཚུལ་དང་ས་ཁམས་མཚོན་རྟགས་ཟོང་རྟགས་ཀྱི་ནང་དོན་བཅས་འགྲེམ་སྟོན་བྱས་ནས།  ཟོང་རྟགས་གལ་ཆེན་མི་སེམས་སུ་གཏིང་ཟབ་པར་ཟུག་ཏུ་བཅུག་ནས་གྲོང་གསེབ་དར་སྤེལ་ལ་ནུས་པ་བསྩལ་ཡོད།

མིག་སྔར།  མཚོ་སྔོན་གྱི་ཚྭ་འདམ་གཞོང་གི་འཕང་འབྲས་དང་བོད་ཀྱི་ས་གདན་གཉིས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་བཟོ་སྐྲུན་ལས་གཞི་སྐོར་དང་པོའི་ནང་བདམས་པ་དང་།      བོད་ཀྱི་ས་གདན་དང་ཡུས་ཧྲུའུ་ཡི་དབྱར་རྩྭ་དགུན་འབུ།    ཧུའུ་ཀྲུའུ་ཡི་ནས་ཆང་།   ཚྭ་འདམ་གཞོང་གི་འཕང་འབྲས་བཅས་རྒྱལ་ཡོངས་མཛུབ་སྟོན་མིང་ཐོའི་ཁྲོད་ཚུད།   དེ་མིན་ཚྭ་འདམ་གཞོང་གི་འཕང་འབྲས་དང་ཧོང་ཀྲུང་གི་ཡུག་པོ་གཉིས་ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་གྲོས་མཐུན་ནང་ཚུད་ནས་རྒྱལ་སྤྱིའི་ཁྲོམ་རར་ཕྱིར་འཚོང་བྱེད་བཞིན་ཡོད།

ད་ལོའི་ཟླ7པའི་བར་དུ།    མཚོ་སྔོན་གྱིས་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་བཅུ་དྲུག་ཡིག་ཐོག་སྙན་ཞུ་བྱས་པ་དང་།  ས་ཁམས་མཚོན་རྟགས་བདེན་དཔང་ཚོང་རྟགས་ཞེ་བདུན་ཐོ་འགོད་བྱས་ལ།   རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྤྱོད་པའི་ཆོག་མཆན་ཐོབ་པའི་ཁེ་ལས་བརྒྱ་དང་བཅུ་ལ་འཕར།   2024ལོར་འབྲེལ་ཡོད་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཐེར་ཆེན་གསུམ་དང་དུང་ཕྱུར་དགུ་བྱེ་བ་བརྒྱད་ས་ཡ་གསུམ་ལ་སླེབས།

ཉེ་བའི་ལོ་ལྔའི་རིང་མཚོ་སྔོན་གྱིས“རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཟོང་རྟགས”བརྗོད་བྱ་གཙོ་བོའི་འགྲེམས་ཁང་དེ་བྱེད་ཐབས་སུ་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་ཚོང་གཉེར་བྱེད་པོ400ལྷག་ཙམ་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་གལ་ཆེན་དུ་འགྲེམས་སྟོན་བྱས་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཟོང་རྟགས་ཐོན་རྫས་གཅིག་བསྡུས་སྒོས་ངོ་སྤྲོད་བྱས། རིམ་རྩིས་བྱས་ན་གན་རྒྱ་བཞག་པའི་ལས་གཞི་སྣ134དང་།    བསམ་འདུན་ལྟར་གན་རྒྱ་བཞག་པའི་སྒོར་དུང་ཕྱུར5ཉེ་བར་མ་ཟད།    དངོས་སུ་གན་རྒྱ་བཞག་པའི་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་གཉིས་ལ་སླེབས་ཡོད།

ཤ་བོ་རིན་མཚོས་བསྒྱུར།