
ཉེ་ལམ། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གིས་བསྒྲགས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གིས་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་། ཀྲུང་གོ་ཞིབ་འཇུག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་། ཅིན་ཧི་བོད་སྨན་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་ཞིང་ཆེན་སྨན་རྫས་ཞིབ་བཤེར་བཤེར་འཇལ་ཁང་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་དང་ལས་རིགས་ནང་ཁུལ་གྱི་མིང་དུ་གྲགས་པའི་བོད་ལུགས་གསོ་རིག་གི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ། ཐུན་མོང་སྒོས་རྩོམ་སྒྲིག་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་བཙོ་ཐལ་དང་དེའི་རྒྱུ་ཆ་གཙོ་ཕལ་གཉིས་ཀྱི་སྤུས་ཚད་གཞི་དང་། སྨན་འདུལ་སྦྱོང་གི་ཚད་གཞི་ཞེས་པའི་དཔེ་དེབ་པར་སྐྲུན་འགྲེམས་སྤེལ་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ལ། དེས་བོད་སྨན་བཙོ་ཐལ་གྱི་སྤུས་ཚད་ཚད་གཞི་དང་སྨན་འདུལ་བའི་ཚད་གཞི་མེད་པའི་སྟོང་ཆ་བསྐངས་པ་དང་། རང་ཞིང་གི་སྲོལ་རྒྱུན་བོད་སྨན་འདུལ་བའི་ཚད་གཞི་དང་ས་གནས་སྨན་རྫས་ཚད་གཞི་གཏན་འབེབས་བྱེད་པའི་ཐོད་བརྒལ་གལ་ཆེན་ཞིག་ཡིན།
དཔེ་དེབ་ཡོངས་བོད་སྨན་བཙོ་ཐལ་དང་དེའི་རྒྱུ་ཆ་གཙོ་ཕལ་གཉིས་ཀྱི་སྤུས་ཚད་ཚད་གཞི་ཞེས་པ་དང་། བོད་སྨན་བཙོ་ཐལ་དང་དེའི་རྒྱུ་ཆ་གཙོ་ཕལ་གཉིས་ཀྱི་འདུལ་སྦྱོང་བྱེད་སྟངས་ཀྱི་ཚད་གཞི་ཞེས་པའི་ཚན་པ་གཉིས་སུ་དབྱེ་ཡོད། སྤུས་ཚད་ཚད་གཞི་ཞེས་པའི་ཚན་པའི་ནང་དུ་དངུལ་ཆུ་དང་མུ་ཟི་སོགས་རྒྱུ་ཆ་གཙོ་ཕལ་གྱི་འབྱུང་ཁུངས་དང་རྣམ་པ། སྨན་འདུལ་སྦྱོང་བྱེད་སྟངས། ངོ་བོ་དང་བྲོ་བ། ཕན་ནུས་གཙོ་བོ། བཀོལ་སྟངས་དང་བཀོལ་ཚད་སོགས་ཐུན་མོང་རང་བཞིན་གྱི་ནང་དོན་གཏན་འབེབས་གསལ་བོ་བྱས་ཡོད་པར་མ་ཟད། དབྱེ་འབྱེད་དང་ལྟ་བཤེར། འདུས་ཚད་འཇལ་གཅོད་སོགས་ཀྱི་སྤུས་ཚད་ཚོད་འཛིན་དམིགས་ཚད་འདུས་ཡོད་ལ། ཀྲུང་གོའི་སྨན་གཞུང་ཞེས་པའི་ཉིས་སྟོང་ཉི་ཤུ་ལོའི་པར་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་སྨན་རྫས་ཚད་གཞི་ལྟར་རྩོམ་སྒྲིག་དང་། མཚོ་སྔོན་ཞིང་ཆེན་སྨན་རྫས་ཞིབ་བཤེར་བཤེར་འཇལ་ཁང་གིས་བསྐྱར་ཞིབ་བྱས་ཏེ། དམིགས་ཚད་སོ་སོ་གནད་ཕིགས་ལག་བསྟར་ཆོག་པ་དང་གོ་བདེ་དོན་ཟབ་ཡོང་བར་བརྩོན་ལེན་བྱས་ཡོད། སྨན་འདུལ་སྦྱོང་གི་ཚད་གཞི་ཞེས་པའི་ཚན་པའི་ནང་དུ་སྲོལ་རྒྱུན་གྱི་སྨན་འདུལ་སྟངས་རྨང་གཞིར་བྱས་ཤིང་། དེང་རབས་ཆེད་མཁས་པའི་ཚོད་ལྟའི་གཞི་གྲངས་སོགས་དང་ཟུང་འབྲེལ་བྱས་ཡོད་ལ། བཙོ་ཐལ་གྱི་མ་བཅོས་རྒྱུ་ཆ་ཐག་གཅོད་དང་གསོག་འཇོག་གི་གོ་རིམ་ཧྲིལ་བོའི་གཙོ་གནད་དང་། ལག་རྩལ་དཔྱད་གྲངས་དང་སྒྲིག་ཆས་ཀྱི་བླང་བྱ་བཅས་ཆ་ཚང་ཡོད་པ་མ་ཟད། རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་ཡོད་པ་དེས་བདེན་སྲུང་གསར་སྐྲུན་གྱི་འཕེལ་རྒྱས་འདུ་ཤེས་མངོན་པར་བྱས་ཡོད།
དཔེ་དེབ་དེས་བོད་སྨན་ཐོན་སྐྱེད་ཁེ་ལས་དང་། སྨན་བཅོས་སྡེ་ཁག་དང་ཚན་རིག་ཞིབ་འཇུག་སློབ་ཁྲིད་སྡེ་ཁག་བཅས་ལ་ཁ་གཏད་ཡོད་པས། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་ཉམས་མྱོང་དང་དེང་རབས་ཚན་རིག་གི་ལྟ་སྐུལ་དོ་དམ་བར་གྱི་འབྲེལ་ཟམ་གལ་ཆེན་ཞིག་ཡིན། དཔེ་དེབ་དེ་པར་སྐྲུན་བྱས་པ་དེས་བོད་སྨན་ཚད་ལྡན་ཐོན་སྐྱེད་དང་། སྤུས་ཚད་ཚོད་འཛིན་དང་བདེ་འཇགས་ནུས་ལྡན་བཅས་ཀྱི་ཐད་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད་ལ། བོད་ལུགས་གསོ་རིག་རིག་གནས་རྒྱུན་འཛིན་དང་། ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་དེ་མིན་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བཅས་ཀྱི་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པས། རྒྱལ་ཁབ་དང་ཐ་ན་རྒྱལ་སྤྱིའི་བོད་སྨན་ཚད་གཞི་གཏན་འབེབས་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།