ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་མཚོ་ནུབ་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་བྱེད་ཚད་དུས་མཉམ་ལས་འཕར་སྣོན་ཆེན་པོ་བྱུང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ད་ལོའི་ཚུན་ལ།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་རྐང་བཙུགས་ཤིང་།    དུས་འཁོར་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ།   སྟོབས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་དཀའ་ཁགག་སེལ་བར་རོགས་སྐྱོར་བྱས།   གཞི་གྲངས་ལས་མངོན་པར་ལྟར་ན།    ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་དུ།    མཚོ་ནུབ་ཁུལ་གྱིས་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་ས་ཡ་བདུན་ལ་སླེབས་པ་དང་།  དེ་ན་ནིང་གི་དུས་མཉམ་ལས120.2%འཕར་ཡོད་ལ།  ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་སླེབས་ནས་ཕྱི་ཕྱོགས་ཉོ་ཚོང་ཐད་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་མངོན།   དེའི་ནང་ཕྱིར་གཏོང་བྱེད་རྒྱུ་དེ་ཕྱི་ཕྱོགས་ཉོ་ཚོང་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར་ནས་ན་ནིང་གི་དུས་མཉམ་ལས145.1%འཕར་ཡོད་པ་དང་།     ཐཱན་སྐྱུར་ནཱ་སོགས་ཕྱི་ཕྱོགས་ཉོ་ཚོང་གི་ཐོན་རྫས་གཙོ་བོར་གྱུར་ཡོད།

ཁེ་ལས་ཀྱི་གཙོ་གཞིའི་ངོས་ནས་བལྟས་ན།  དམངས་གཉེར་ཁེ་ལས་ལ་སྔར་བཞིན་གསོན་ཤུགས་རྒྱས་ཡོད།   ཟླ་དང་པོ་ནས་བརྒྱད་པའི་བར་དུ།    མཚོ་ནུབ་ཁུལ་དུ་ཕྱི་ཕྱོགས་ཉོ་ཚོང་ཐད་གྲུབ་འབྲས་བཟང་བོ་ཐོབ་པའི་ཁེ་ལས་ཉེར་དྲུག་ཡོད་པ་དང་།  དེའི་ནང་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་དྲུག་ལ་སླེབས་ཡོད་པ་དང་།  དེ་དུས་མཉམ་ལས་ལྡབ་གཅིག་དང་གྲངས་ཆུང་ལྔ་འཕར་ཏེ།     ཁུལ་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་སྤྱིའི་རིན་ཐང་གི་བརྒྱ་ཆའི་ང་དྲུག་དང་གྲངས་ཆུང་གསུམ་ཟིན་ཡོད། རྒྱལ་དབང་ཁེ་ལས་དང་དེ་མིན་རྒྱལ་ནང་དང་ཕྱི་རྒྱལ་གྱི་ཚོང་པས་མ་རྐང་བཞག་པའི་ཁེ་ལས་ཀྱིས་ཀྱང་བརྟན་འཇགས་འཕེལ་རྒྱས་སྲུང་འཛིན་བྱས་ཏེ།   ཕྱི་ཕྱོགས་ཉོ་ཚོང་འཕར་སྣོན་འབྱུང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།

ཕྱིར་གཏོང་ཚོང་རྫས་ཀྱི་གྲུབ་ཆའི་ཐད་ནས་བལྟས་ན།    ཐཱན་སྐྱུར་ནཱའི་ཕྱིར་གཏོང་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དྲུག་ལ་སླེབས་པ་དང་།  དེ་དུས་མཉམ་ལས་ལྡབ་གཅིག་དང་གྲངས་ཆུང་དགུ་འཕར་ཡོད་ལ།  ཁུལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་སྤྱིའི་རིན་ཐང་གི་བརྒྱ་ཆའི་ཞེ་ལྔ་དང་གྲངས་ཆུང་དྲུག་ཟིན་ཡོད།    དེ་མིན་འཕང་འབྲས་ཕྱིར་གཏོང་གི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་གསུམ་སྟོང་ལྔ་ལ་སླེབས་པ་དང་།  དེ་དུས་མཉམ་ལས་བརྒྱ་ཆའི30.7%འཕར་ནས།   ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་བརྟན་འཇགས་སྒོས་མཐོར་འདེགས་བྱུང་།

རྒྱལ་སྤྱིའི་ཁྲོམ་རའི་སྒྲིག་བཀོད་ཐད་ནས་མཚོ་ནུབ་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་བྱ་ཡུལ་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་ནས།    ཉོ་ཚོང་གྲོགས་པོའི་རྒྱལ་ཁབ་དང་ས་ཁུལ་སོ་གཅིག་ལ་འཕར་བ་དང་།    སིང་ཀ་ཕོར་དང་ཕེ་རུ།   ནེ་ཀྲི་རི་ཡ་སོགས་ཁྲོམ་ར་བདུན་ཇེ་མང་དུ་སོང་ནས།   སྤྱིའི་རིན་ཐང་སྒོར་བྱེ་བ་གཅིག་དང་འབུམ་གཉིས་ཁྲི་གཉིས་སྟོང་བརྒྱད་མངོན་འགྱུར་བྱུང་།   ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཡོ་རོབ་མནའ་འབྲེལ་གཉིས་སྔར་བཞིན་མཚོ་ནུབ་ཁུལ་གྱི་ཉོ་ཚོང་གྲོགས་པོ་གཙོ་བོ་ཡིན་པ་དང་།   ཕྱིར་གཏོང་ཉོ་ཚོང་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ལ་སླེབས་ཡོད་པ་དང་།  དེས་ཁུལ་ཡོངས་ཀྱི་སྤྱིའི་བསྡོམས་འབོར་གྱི74.8%ཟིན།   དེའི་ནང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱིར་གཏོང་ནང་འདྲེན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ལ་སླེབས་པ་དང་།  དུས་མཉམ་ལས་ལྡབ་གཅིག་དང་གྲངས་ཆུང་བརྒྱད་འཕར་ཡོད།     ཡོ་རོབ་མནའ་འབྲེལ་གྱི་ཕྱིར་གཏོང་ནང་འདྲེན་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་བརྒྱད་སྟོང་དྲུག་ལ་སླེབས་པ་དང་།  དེ་དུས་མཉམ་ལས་ལྡབ་གཅིག་དང་གྲངས་ཆུང་གཅིག་འཕར་ཡོད་ལ།   ཁྲོམ་རའི་སྣ་མང་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།