
ཟླ9པའི་ཚེས30ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རང་བདག་གསོ་སྐྱོང་བྱས་པའི་འབྲུ་རྡོག་སྔོན་པོ“པེ་ཆིང་ཨང15པ”དང་འབྲུ་རྡོག་ནག་པོ“པེ་ཆིང་ཨང16པའི”ནས་ཀྱི་ཐོན་རྫས་སྣ་གསར་པ་གཉིས་ལ་གྲུབ་འབྲས་ཐོབ་པའི་གནས་ཚུལ་འབྱོར་ཞིང་། ཐོན་ཚད་སྤྱི་ཆིང་རེར་ཏུན6.67ལས་བརྒལ་ཡོད་པ་དང་། དེ་ལས“པེ་ནུང་རྟགས་མའི”ནས་ཀྱི་ཐོན་རྫས་ཀྱི་ཐོན་ཚད་མཐོ་བའི་ཁྱད་སྟོབས་མངོན་པ་དང་། དེས་མཐོ་གྲང་ས་ཁུལ་གྱི་འབྲུ་རིགས་ཀྱི་ཐོན་ཚད་བརྟན་པོ་དང་འདོན་སྤྲོད་འགན་སྲུང་ཐད་ཡང་བསྐྱར་ནུས་པ་ཆེན་པོ་ཐོན་ཡོད།
ཞིང་ཆེན་ཡོངས་ཀྱི་ནས་ཀྱི་ཐོན་ཁུངས་ཁུལ་གལ་ཆེན་ཡིན་པའི་ངོས་ནས། མཚོ་བྱང་ཁུལ་གྱིས་ཉེ་བའི་ལོ་འགའི་རིང་འདེབས་ལས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་དང་། མཚོ་འཕང་མཐོ་བའི་ལྗང་མདོག་སྐྱེ་ལྡན་ཐོན་གནས་དང་ལག་རྩལ་འཇོན་མིའི་ཁྱད་སྟོབས་ལ་བརྟེན་ནས། ནས་དང་ལོག་དཀར་འདེབས་ལས་གཞི་གཅིག་ཅན་གྱི་མ་ལག་བཙུགས། ཁུལ་དང་རྫོང་གི་ཞིང་ལས་ཞབས་ཞུའི་ལྟེ་གནས་བརྒྱུད་དེ་ལག་རྩལ་འགག་སྒྲོལ་དང“ཐོན་སློབ་ཞིབ”གསུམ་གྱི་མཉམ་ལས་བྱས་པ་བརྒྱུད། ས་བོན་གྱི་སྦས་ཤུགས་ནུས་པ་འདོན་སྤེལ་བྱས་ཏེ“པེ་ནུང་རྟགས་མ”དེ་མཐོ་སྒང་གི་འབྲུ་རིགས་བདེ་འཇགས་ཀྱི་བརྟན་བརླིང་ཐོན་ཁུངས་གལ་ཆེན་དུ་བསྒྱུར།
“པེ་ཆིང་ཨང15པ”ནི་འབྲུ་རྡོག་སྔོན་པོ་ཞིག་ཡིན་པ་དང་། འབྲུ་རྡོག་གི་སྤྲི་དཀར་རྫས་རྩིང་པོའི་འདུས་ཚད13.76%ཡིན། 2025ལོར། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དང་རྐང་ཚ་རྫོང་གི་ཅན་ལེང་འདེབས་ལས་དང་དེ་མིན་དཔེ་སྟོན་རྟེན་གཞི་རུ་སྤྱི་ཆིང266.67ཙམ་ཡོད་པ་དང་། ཆ་སྙོམས་བྱས་ན་སྣ་གཅིག་གི་ཐོན་ཚད་སྤྱི་ཆིང་རེར་ཏུན་2.67ལས་བརྒལ་བ་དང་། སོན་བཟང་སྤྱི་རྒྱ་ས་ཡ་གཅིག་དང་འབུམ་དྲུག་ཐོན་པས། “ཁུ་ནུ་ཨང14པ”དང་བསྡུར་ན་ཐོན་ཚད14.3%ཡན་ཡིན་ཞིང་། སྤྱིའི་དཔལ་འབྱོར་ཕན་འབྲས་སྒོར་ས་ཡ་བརྒྱད་ཟིན་པ་དང་། རྒྱུན་ལྡན་གྱི་ས་བོན་ལས་ཡོང་འབབ་སྒོར་ས་ཡ་བཞི་དང་འབུམ་དགུ་ཁྲི་གཉིས་འཕར་ཡོད།
“པེ་ཆིང་ཨང16པ”ནི་འབྲུ་རྡོག་ནག་པོའི་རིགས་ཡིན་པ་དང་། འབྲུ་རྡོག་གི་སྤྲི་དཀར་རྫས་རྩིང་པོའི་འདུས་ཚད12.63%ཡིན། 2025ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཆིང0.53ཡི་དཔེ་སྟོན་ཞིང་སའི་ཐོན་ཚད་སྤྱི་ཆིང་རེར་ཏུན37.58ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཟིན་ཐོ་བསྐྲུན། 2025ལོར། སྤྱི་ཆིང24ཡི་རྒྱ་ཁྱོན་ཆེ་བའི་འདེབས་ལས་ཀྱི་ཐོན་ཚད་སྤྱི་ཆིང་རེར་ཏུན34.2ཡིན་པ་དང་། ས་རྒོད་ཀྱི་ས་ཆའི་ཐོན་ཚད་སྔར་བཞིན་སྤྱི་ཆིང་རེར་ཏུན26.67ཟིན་པས། སྒོར་འབུམ་གཉིས་དང་ཁྲི་བདུན་གྱི་དཔལ་འབྱོར་ཕན་འབྲས་ཐོབ།
ཤ་བོ་རིན་མཚོས་བསྒྱུར།