
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་གིས་ཁྱོན་ཡོངས་ནས་བཀོད་འདོམས་བཀོད་གཏོང་ལ་ཤུགས་བསྣན་པ་དང་། ལས་རེས་ལས་སྲུང་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་པའི་བྱ་བ་ནན་ཏན་གྱིས་བསྒྲུབས། ཟླ10པའི་ཚེས9ཉིན་གྱི་དུས་ཚོད8པའི་བར། ཞིང་ཆེན་ཡོངས་ལ་ཅུང་ཆེན་པོ་དང་དེའི་ཡན་གྱི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་རང་བྱུང་གནོད་འཚེའི་གློ་བུར་བའི་དོན་རྐྱེན་ཅི་ཡང་བྱུང་མེད་ལ། བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་འཇགས་རེད།
དུས་ཆེན་གྱི་སྔོན་དུ། རང་ཞིང་གིས་བདེ་འཇགས་ཐོན་སྐྱེད་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་བརྙན་ལམ་ཚོགས་འདུ་བསྡུས་ནས། དུས་ཆེན་སྐབས་ཀྱི་བདེ་འཇགས་སྔོན་འགོག་བྱེད་ཐབས་བཀོད་སྒྲིག་བྱས། དུས་ཆེན་གྱི་སྐབས་སུ། རང་ཞིང་གིས་དུས་ཆེན་སྐབས་ཀྱི་ལས་རེས་ལས་སྲུང་དང་འགྲིམ་འགྲུལ་ཤར་བགྲོད། རིག་གནས་ཡུལ་སྐོར་བདེ་འཇགས་དང་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་བའི་བྱ་བར་ཆེད་དོན་རྟོག་ཞིབ་བྱས། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས《ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་པའི་སྐོར་གྱི་དྲན་སྐུལ་ཡི་གེ》དཔར་ནས་བཀྲམ་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རི་སྐྱེས་མཛེས་ལྗོངས་ཁུལ་དང་རྐང་བགྲོད་རི་འགོས་ལམ་ཐིག་ཏུ་སྐོར་ཞིབ་བྱེད་ཐེངས་ཇེ་མང་དུ་བཏང་སྟེ། བདེ་འཇགས་ཉེན་བརྡ་དྲིལ་སྒྲོག་དང་གཙོ་གནད་ཁུལ་ཁོངས་དོ་དམ་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་བཏང་། འཛུགས་སྐྲུན་བཟོ་སྐྲུན་གནས་ཡུལ་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། བཟོ་སྐྲུན་ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་ཤུགས་འགན་འཁྲི་གཟབ་ནན་གྱིས་དོན་འཁྱོལ་བྱེད་པར་སྐུལ་ཁྲིད་བྱས་ནས་འགན་འཁྲི་གཞི་རིམ་བར་དུ་དོན་འཁྱོལ་བྱེད་པ་དང་། བྱེད་ཐབས་འཐབ་ཕྱོགས་དང་པོའི་ལས་གནས་སུ་དོན་འཁྱོལ་བྱེད་པར་འགན་སྲུང་བྱས་ཏེ། བདེ་འཇགས་དོན་རྐྱེན་འབྱུང་བར་མཐའ་གཅིག་ཏུ་གཏན་འགོག་བྱས། བྱ་བའི་ཚན་ཆུང5བཙུགས་ནས་ཟི་ལིང་དང་མཚོ་ཤར་སོགས་ས་ཁུལ་དུ་འཛུགས་སྐྲུན་བཟོ་སྐྲུན་དང་རིག་གནས་ཡུལ་སྐོར། བཟོ་ཚོང་། ཉེན་འགྱུར། གཏེར་རི་སོགས་གཙོ་གནད་ཁྱབ་ཁྱོངས་སུ་མངོན་བཤེར་ལྐོག་ཞིབ་སྤེལ་བ་དང་། ལས་ཁུངས་ལ་ཞིབ་བཤེར་བྱེད་ཐེངས20བྱས་ནས་མངོན་མེད་རྐྱེན་ངན30ཞིབ་བཤེར་བྱས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསྡོམས་པས་ཁེ་ལས་ཁྲི་གཅིག་དང་བརྒྱ་དང་རེ་གཉིས་ལ་ཞིབ་བཤེར་བྱས་པ་དང། མངོན་མེད་རྐྱེན་ངན་སྟོང་གཉིས་དང་ལྔ་བརྒྱ་རེ་དྲུག་ལ་ཞིབ་བཤེར་བྱས། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་ལས་འགན་ནན་སྒྲུབ་ཀྱིས་གྲ་སྒྲིག་བྱས་ཏེ་ཁྱོན་སྡོམ་ཉེན་རྟོག་དང་ལེན་ཐེངས55བྱས་ཤིང་། དེའི་ནང་མེ་སྐྱོན་བྱུང་བའི་གནས་ཚུལ25དང་ཉེན་སྐྱོབ་རོགས་སྐྱོབ་གནས་ཚུལ30ཡོད་པ་ཚང་མ་བདེ་བླག་ངང་ཐག་གཅོད་བྱས། མེ་ཟོན་དམག་འཐབ་མི་སྣ་མི་ཐེངས634དང་། རླངས་འཁོར་ཐེངས138བཏང་པ་རེད།
ཤ་བོ་གསེར་མཚོས་བསྒྱུར།